༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ།

2025.02.11
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུའི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་བ། སྡོམ་པ་ཞུ་མཁན་གྱི་དགེ་འདུན་པ་རྣམ་པ། ༢༠༢༥།༠༢།༡༡
RFA

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཚེས་༡༡ ཉིན་དགེ་སློང་སྡོམ་པ་ཉིན་མཐའ་མ་འམ་ཉིན་དྲུག་པར་དགེ་འདུན་པ་གྲངས་ ༥༡ ལ་དགེ་སློང་གི་སྡོམ་པ་འབོགས་ཆོག་མཛད་དེ་མགོན་པོ་མཆོག་གི་སྡོམ་པ་འབོགས་ཆོག་གི་མཛད་འཆར་ཁག་རེ་ཞིག་མཇུག་སྒྲིལ་ཡོད་པ་རེད།

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་འདི་ལྟར་གནང་གནང་དོན་ལ། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ནའི་བབ་དང་བསྟུན་ནས་སྔོན་མ་ནང་བཞིན་མཛད་འཆར་བསྐྱང་གནང་གི་མེད་ལ། དགེ་སློང་སྒྲུབ་གནང་དུས་ཆུ་ཚོད་གཉིས་ནས་གསུམ་བར་འགོར་གྱི་ཡོད་ཀྱང་མགོན་པོ་གང་ཉིད་སྐུ་མཉེལ་བའི་རྣམ་པ་མེད་པ་མ་ཟད། ཐུགས་སྤྲོ་སྣང་དང་ལྡན་པའི་ཐོག་ནས་དགུང་ལོ་མཐོ་བ་ལ་ལྟོས་མེད་ཀྱིས་གལ་ཆེ་དོན་ཆེ་གནང་ཏེ་དགེ་སློང་གི་སྡོམ་པ་བཀྲིན་ཆེ་གནང་མཛད་ཀྱི་ཡོད་པ་གསུང་གནང་བྱུང་།

དེ་རིང་དགེ་སློང་གི་སྡོམ་པ་འབོགས་ཆོག་གི་ཉིན་མཐའ་མར་དགེ་སློང་གི་སྡོམ་པ་ཞུ་མཁན་ཁོངས་སུ་གདན་ས་ཆེན་པོ་དགའ་ལྡན་དང་། འབྲས་སྤུངས་གཉིས་ཀྱི་གྲྭ་ཚང་ཁག་བཞི། དེ་བཞིན་ར་སྟོད་གྲྭ་ཚང་དང་རྫོང་ཆོས་གྲྭ་ཚང་བཅས་ཀྱི་དགེ་འདུན་པའི་ཞལ་གྲང་ཁྱོན་སྡོམ་ ༥༡ ཡོད་པ་རེད་འདུག་ལ་དགེ་འདུན་པ་རྣམས་པས་དགེ་སློང་གི་སྡོམ་པ་བསྒྲུབ་རྒྱུ་དེ་ནི་བསྟན་འགྲོ་སྤྱིའི་བདེ་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་སོགས་ཀྱི་དགོངས་ཚུལ་གསུང་གནང་བྱུང་།

25.png
དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ།

གཞི་རྩའི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གི་གསུངས་དོན་ལ། སངས་རྒྱས་ཀྱི་བསྟན་པ་གནས་མིན་དགེ་འདུན་གྱི་སྡེ་ལ་རག་ལུས་ཤིང་། དེ་ཡང་བསྙེན་རྫོགས་དགེ་སློང་རྣམས་ལ་རགས་ལུས་ཡོད་དུས་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་དེའི་གལ་གནད་གཟིགས་ཏེ། གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་བཞིན་ཡོད་པ་ལྟར་ད་བར་མགོན་པོ་གང་ཉིད་ནས་དགེ་འདུན་པ་ཉིས་ཁྲི་ཙམ་ཞིག་ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་ཡོད་པ་དང་། ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་སྐུ་ལྷོད་བཞུགས་གནང་བཞིན་པ་དང་བསྟུན་ནས་གདན་ས་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་ཁག་དྲུག་དང་། བཀྲིས་ལྷུན་པོ་དང་ར་སྟོད་གྲྭ་ཚང་། དེ་བཞིན་རྫོང་དཀར་ཆོས་སྡེའི་དགེ་འདུན་པ། གཞན་ཡང་སོག་ཡུལ་དགའ་ལྡན་དགོན་པ་བཅས་ཀྱི་དགེ་འདུན་ཞལ་གྲང་ ༣༠༠ ཙམ་ལ་དགེ་སློང་གི་སྡོམ་པ་བཀྲིན་ཆེ་གནང་མཛད་ཡོད་པ་རེད་འདུག །

གསར་འགོད་པ། པདྨ་དངོས་གྲུབ། 

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎