འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག

2024.09.09
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་(David Missal)་ལགས་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་བཀག་རྗེས་ཕྱོར་སློག་སྐབས། ༠༩།༠༨།༢༠༢༤
མཐུན་འགྱུར་པར་རིས་ཕྱོགས་སྒྲིག /

དེ་ཡང་འཇར་མན་ནང་གི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་༨ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྱི་ཟླ་༩བའི་ཚེས་༧་གྱི་མཚན་མོ་ནས་ཚེས་༨་ཀྱི་བར་འཇར་མན་ནང་གི་བོད་ལས་དོན་འགུལ་ཁང་གི་འགན་འཛིན་གཞོན་པ་(David Missal)་ལགས་ཧོང་ཀོང་ནང་འཛུལ་ཞུགས་བྱེད་རྒྱུའི་ཆོག་མཆན་མ་སྤྲད་པར་ཧོང་ཀོང་གནམ་ཐང་གི་སྒེའུ་ཁུང་མེད་པའི་ཁང་མིག་ཅིག་ཏུ་ཆུ་ཚོད་བཅུ་གསུམ་ཙམ་རིང་བཀག་ཉར་བྱས་ཏེ་འདྲི་རྩད་ཡང་ཡང་བྱས་མཐར་ཕྱིར་འབུད་བཏང་ཡོད་པ་བསྒྲགས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འཇར་མན་ཕྱི་སྲིད་ལས་ཁུངས་ལ་གནས་ཚུལ་འདིའི་ཐད་འདྲི་རྩད་བྱས་སྐབས། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཁོང་ཚོའི་ངོས་ནས་འཇར་མན་གྱི་མི་སེར་ཞིག་ཧོང་ཀོང་གནམ་ཐང་ནས་ཕྱིར་སློག་པའི་གནས་ཚུལ་དེ་ཤེས་རྟོགས་བྱུང་ཡོད། དེ་ལས་བྱེ་བྲག་པའི་གནད་དོན་ཐད་བསམ་ཚུལ་ཞུ་རྒྱུ་མིན་པ་ཡིག་ཐོག་ལན་འདེབས་གནང་བྱུང་།

འཇར་མན་ནང་གི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་འཇར་མན་གྱི་མི་སེར་ཡིན་པ་ཞིག་ཧོང་ཀོང་གནམ་ཐང་དུ་ཚོུད་བཅུ་གསུམ་རིང་བཀག་ཉར་བྱས་པ་དེ་རིགས་ནི་ཕྱིར་བསྒྲགས་མ་བྱས་པ་མ་གཏོགས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པ་རེད་ཅེས་ཨ་མི་རི་ཀའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་སྡེ་ཚན་གྱི་ཟུང་འབྲེལ་འགན་འཛིན་(Maya Wang)་གིས་(x)་དྲྭ་རྒྱའི་ཐོག་དགོངས་ཚུལ་བྲིས་འདུག

སྐུ་ཞབས་ཌེ་ཝིཌ་(David Missal)་ལགས་རེས་གཟའ་སྤེན་པའི་དགོང་དྲོའི་ཆུ་ཚོད་༡༡་དང་ཕྱེད་ཀ་ཙམ་ལ་ཧོང་ཀོང་གནམ་གྲུ་ཐང་དུ་འབྱོར་བ་དང་མཉམ་དུ་ཕྱི་བསྐྱོད་ལམ་ཡིག་ལ་བརྟག་དཔྱད་ཀྱི་སྐབས་སུ་འདྲི་རྩད་བྱེད་སའི་ཁང་མིག་ཅིག་ལ་ཁྲིད་ནས། དེར་སྒྲིག་ཆས་མ་གྱོན་པར་དམངས་ཆས་གྱོན་པའི་མཐའ་མཚམས་ཉེན་རྟོག་པས་ཁོང་ལ་འདྲི་རྩད་ཡང་ཡང་བྱས་རྗེས་གཟའ་ཉི་མའི་ཕྱི་དྲོའི་སྐབས་སུ་ཧོང་ཀོང་ནས་ཕྱིར་སློག་གི་བརྡ་ཐོ་འབྱོར་བ་དང་དམངས་ཆས་གྱོན་པའི་ཉེན་རྟོག་པ་འགའ་ཤས་ཀྱིས་ཁོང་གནམ་གྲུ་ཅིག་ནང་བསྐྱལ་ནས་ཕྱིར་སློག་བྱས་ཡོད་པ་རེད་འདུག
གནད་དོན་དེའི་ཐད་ཌེ་ཝིཌ་ལགས་ཀྱིས་སེམས་ཚོར་བྲིས་པའི་ནང་། ངས་བྱེད་འདོད་པ་ནི་སློབ་སྦྱོང་བྱེད་སའི་གྲོང་ཁྱེར་དེར་ཉིན་ཤས་རིང་གུང་སེང་ལ་རོལ་རྒྱུ་དེ་ཡིན། ད་ལྟ་དེ་ནི་ཡོང་མི་སྲིད་པ་ཞིག་རེད་འདུག ད་ལྟ་ཧོང་ཀོང་ནི་རང་དབང་མེད་པའི་གྲོང་ཁྱེར་ཞིག་ཏུ་གྱུར་པ་དེར་ང་རང་སེམས་སྐྱོ་བཞིན་ཡོད། སྲིད་གཞུང་འདིའི་འོག་སྡུག་བསྔལ་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ཧོང་ཀོང་མི་མང་གི་ཕྱོགས་སུ་ང་རང་བརྟན་པོར་ལངས་ཡོད་ཅེས་བཀོད་གནང་འདུག

David Missal HK.jpeg
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་(David Missal)་ལགས། མཐུན་འགྱུར་པར་རིས།


གོང་གི་གནས་ཚུལ་འདི་དང་འབྲེལ་འཇར་མན་ནང་གི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་(Tenzyn Zöchbauer)་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་བྱས་སྐབས། ཧོང་ཀོང་གི་འབྲེལ་ཡོད་ནས་རྒྱུ་མཚན་ཅི་ཡིན་བཤད་མི་འདུག་མོད། འོན་ཀྱང་། ཁོང་གིས་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་བར་ཆབ་སྲིད་ཀྱི་གནད་དོན་ཡོད་སྲིད་པ་ཞིག་དང་། ཁོང་གིས་དེ་སྔ་རྒྱ་ནག་ནང་སློབ་སྦྱོང་བྱེད་སྐབས་འགྲོ་བ་མིའི་ཐོང་ཐང་གི་ཁྲིམས་རྩོད་པའི་ཕྱག་ལས་གནང་བའི་ཉེར་ལེན་གྱིས་ཕྱི་ལོ་༢༠༡༨་ལོར་རྒྱ་ནག་ནས་ཕྱིར་འབུད་བཏང་རྗེས་ཧོང་ཀོང་དུ་མུ་མཐུད་ནས་སློབ་སྦྱོང་གནང་བ་དེ་ནི་ཕལ་ཆེར་རྒྱུ་མཚན་ཡིན་པ་འདྲ་ཞེས་འགྲེལ་བརྗོད་གནང་འདུག
ད་རེས་བོད་དོན་ལས་འགུལ་པ་ཞིག་ཧོང་ཀོང་ནང་འཛུལ་བཞུགས་བྱེད་རྒྱུར་བཀག་སྡོམ་བྱས་པ་དེ་འདྲ་བའི་གནས་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད་ཀྱང་ཕྱིར་བསྒྲགས་བྱེད་མཁན་ཧ་ཅང་དཀོན་པ་ཡིན་པ་དང་། ད་རེས་བོད་དོན་ལས་འགུལ་ཞིག་ཧོང་ཀོང་ནང་འཛུལ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པ་རེད་ཅེས་(Maya Wong)་ཡིས་མུ་མཐུད་གསལ་སྟོན་གནང་འདུག།


གསར་འགོད་པ། དབྱངས་སྒྲོན། བཀྲ་ཤིས་དབང་ཕྱུག
གནས་ཚུལ་ཁ་སྣོན་གསར་འགོད་པ། བསྟན་འཛིན་པདྨ། བོད་རྒྱལ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎