༸གོང་ས་མཆོག་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་ཆོས་འབྲེལ་བསྩལ་བ།

2023.12.31
༸གོང་ས་མཆོག་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་ཆོས་འབྲེལ་བསྩལ་བ། ༸གོང་ས་མཆོག་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གི་ཆོས་འབྲེལ་སྩལ་བའི་སྐབས། ༢༠༢༣།༡༢།༣༡ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོར་རྭ་བའི་ནང་ཕྱི་ནང་དད་ལྡན་སེར་སྐྱ་མི་མང་རྣམས་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀྲིན་ཆེ་གནང་མཛད་སྐབས། སངས་རྒྱས་པའི་ཆོས་ཀྱི་ནང་བདག་ཉིད་བདག་གི་མགོན་ཡིན་ཞེས་གསུངས་པ་ལྟར་སངས་རྒྱས་པའི་ཆོས་ཀྱི་གནས་ལུགས་ཤེས་ཏེ་སྤང་བྱ་རྣམས་སྤང་ནས་བྲལ་བའི་ཡོན་ཏན་མངོན་དུ་བྱ་ཐུབ་རྒྱུ་ཡོད་ཅེས་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་མུ་མཐུད་བཀའ་སྩལ་བའི་ནང་། ཆོས་ཀྱི་སྙིང་པོ་ནི་གཞན་ཕན་བྱང་ཆུབ་ཀྱི་སེམས་དེ་ཡིན་པ་དང་དེ་ཉམས་སུ་ལེན་པ་ཡིན་ན་འཕྲལ་དུ་བདེ་བ་དང་ཕུགས་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་སོགས་ཀྱི་དགེ་མཚན་ཡོད་པའི་བཀའ་བསྩལ་བ་དང་སྦྲགས། དེ་རིང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་གནང་གི་ཡོད་དུས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ལ་བརྟེན་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ཏེ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀྱི་གནས་ལུགས་རྟོགས་ཐུབ་རྒྱུ་ཡིན་པ་སོགས་ཀྱི་སྐོར་བཀའ་བསྩལ་སོང་།

༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟུངས་སྔགས་ཐོག་མར་ཐོས་པ་དེ་ནི་ཨ་ར་པ་ཙ་ཡིན་པ་དང་དེ་ནི་མགོན་པོ་གང་ཉིད་སྐུ་ན་ཆུང་དུས་ནས་ཐོས་མྱོང་ཡོད་པ་ཞིག་ཡིན། ཞེས་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་མགོན་པོ་གང་ཉིད་ནས་བསྟན་འགྲོ་སྤྱི་ལ་ཕན་ཐོགས་གང་འཚམས་བསྒྲུབས་གནང་ཐུབ་ཡོད་སྐོར་བཀའ་སློབ་བཀྲིན་ཆེ་གནང་མཛད་སོང་།

2023-12-31Bodhgaya-G-13_SA11599.jpg

དེ་རིང་གི་གསུང་ཆོས་དང་བསྟུན་༸གོང་ས་མཆོག་ལ་བལ་ཡུལ་ནང་གི་རི་བོ་དགེ་ལུགས་པའི་དགོན་ཁག་བཅུ་ལས་གྲུབ་པའི་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ནས། མཐའ་ཡས་སྐྱེས་འགྲོ་སྤྱི་ལ་བཀྲིན་བསྐྱངས་པའི་རྗེས་དྲན་མཚོད་ཆེད་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་འཆི་མེད་ཚེ་ཡི་བུམ་པའི་ཁར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕྱག་མཚན་མཚོན་པའི་པདྨ་དཀར་པོ་དང་ཕྱག་ཟུང་ཐལ་སྦྱར་ཐོག་ཤེལ་ཕྲེང་གིས་བརྒྱན་པའི་རིན་ཆེན་རྣམ་གསུམ་ལས་གྲུབ་པའི་གཟེངས་རྟགས་ཕྱག་ན་པད་དཀར་འཆང་ཞེས་པ་འབུལ་བཞེས་མཛད་སོང་། གཟེངས་རྟགས་དེའི་སྐོར་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་ཐར་འདོད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ནི་ཧ་ཅང་གི་རླབས་ཆེན་ཞིག་ཡིན་པས། ང་ཚོས་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ཆེད་རིན་ཆེན་རྣམ་གསུམ་ལས་གྲུབ་པའི་གཟེངས་རྟགས་དེ་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་། 

གཞན་ཡང་༸གོང་མཆོག་གི་གསུང་ཆོས་ལ་ཕེབས་མཁན་ཆོས་ཞུ་བ་ཁག་ཅིག་ལ་བཀའ་འདྲི་ཞུས་སྐབས། ཀོ་རི་ཡ་ནས་ཡིན་པ་ན་གཞོན་བུ་མོ་སུ་ཡང་ལི་ལགས་ཀྱིས། ང་རང་རྒྱ་གར་ལ་ཡོང་བ་ཐེང་དང་པོ་ཡིན། ངས་སྔོན་མ་ནས་༧གོང་ས་མཆོག་མཇལ་འདོད་ཆེན་པོ་ཡོད་པ་ནང་བཞིན་དེ་རིང་དངོས་སུ་མཇལ་རྒྱུ་བྱུང་བ་དེ་ནི་བསྐལ་པ་བཟང་པོ་ཞིག་དང་མི་ཚེའི་ནང་བརྗེད་དཀའ་བའི་དྲན་རྟེན་ཞིག་ཆགས་སོང་། ༸གོང་ས་མཆོག་གི་གསུང་ཆོས་ནི་ཧ་ཅང་གི་གོ་བདེ་པོ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་མ་ལེ་ཤི་ཡ་ནས་ཡིན་པ་བེུད་ཤ་ནི་ཤཏ་ལགས་ཀྱིས། ངས་༧གོང་མཆོག་གི་སྐུ་མདུན་ནས་དངོས་སུ་གསུང་ཆོས་ཞུས་པ་ད་ལན་ཐེངས་གཉིས་པ་དེཆགས་ཡོད། དུས་རྒྱུན་དུ་ང་རང་དྲ་ཐོག་ནས་༧གོང་མཆོག་གི་གསུང་ཞུས་མྱོང་ལ། མགོན་པོ་གང་ཉིད་མཆོག་གིས་ཆོས་འབྲེལ་སྩལ་སྐབས་བཀའ་སློབ་གཙོ་བོ་ནི་བྱམས་རྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དེས་གཞན་ལ་ཕན་ཐོགས་བསྒྲུབ་དགོས་སྐོར་དེ་ཡིན་པས། ངས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་། ཝར་ཎ་སློབ་ཟུར་དང་པོན་ཌོ་ཆོལ་གསུམ་གཞིས་ཆགས། ཞ་ལུ་དགོན་པ་དང་ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་དགེ་རྩ་ཚོགས་པ། དེ་བཞིན་དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་སྡེ་ཚན་ཁག་ཐུན་མོང་གིས་གོ་སྒྲིག་འོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་དངོས་གྲུབ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎