བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
དེ་ཡང་ཟླ་༢ པའི་ཚེས་༡༤ ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་དང་པོའི་ཚེས་༧ ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་ས་ཁུལ་དུ་ས་ཡོམ་འགུལ་ཚད་རིམ་པ་བདུན་དང་གྲངས་ཆུང་གཅིག་ཅན་ཞིག་བརྒྱུགས་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་ལྟར། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་(Wang Junzheng)གིས་ཟླ་༢ པའི་ཚེས་༡༢ ཉིན་དིང་རི་ས་ཁུལ་དུ་ས་འགུལ་གོད་ཆགས་བྱུང་རྗེས། སླར་གསོ་བསྐྱར་སྐྲུན་ལས་དོན་སྐོར་གྱི་སྙན་སེང་ལ་ཉན་རྗེས་ལམ་སྟོན་གཏམ་བཤད་བྱས་ནས། ས་འགུལ་གོད་ཆག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་དེ་མེས་རྒྱལ་གྱི་མཐའ་མཚམས་སྔར་ལས་བརྟན་པོ་དང་སྔར་ལས་དར་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བཤད་ཡོད་པ་རེད།
དེའི་ཐད་གནད་དོན་དབྱེ་ཞིབ་པ་དང་དཔྱད་བརྗོད་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་སྐབས། རྒྱ་ནག་གཞུང་གིས་རང་བྱུང་གནོད་འཚེའི་གོད་ཆག་ཐེབས་པའི་ས་ཁུལ་གྱི་སླར་གསོའི་ལས་དོན་གླེང་སྐབས་མི་མང་ལ་འཕྲད་བཞིན་པའི་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་མི་གླེང་པར་ཆབ་སྲིད་ལ་སྦྱར་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་དང་མཉམ། ཝང་ཅུན་ཀྲེང་གིས་ས་ཡོམ་གྱི་གནོད་འཚེའི་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལུགས་ནན་བརྗོད་བྱས་འདུག་པར། ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་སྐྲུན་ཟེར་བ་དེ་ནི་བོད་གྲོང་རྒྱ་གྲོང་དུ་བསྒྱུར་རྒྱུ་དེ་ཡིན་ན། དོན་གྱིས་བོད་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་རེད་ཅེས་དཔྱད་བརྗོད་སྤེལ་སོང་།
འདི་ཚེས་༡༤ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། འདི་ལོའི་སྤྱི་ཟླ་དང་པོའི་ནང་དིང་རི་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་ས་ཡོམ་གྱི་གནོད་སྐྱོན་ཁྲོད་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་བྱུང་ཡོད་པར་བརྟེན་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་སྐབས་མི་ཚོགས་འདུ་འཛོམས་གནང་སྟེ་གཞས་སྣ་འཁྲབ་སྟོན་སོགས་དགའ་སྤྲོའི་རྣམ་པ་ཤུགས་ཆེན་མི་གནང་བའི་འབོད་སྐུལ་གནང་འདུག
ཟླ་དང་པོའི་ཚེས་༧ ཉིན་བོད་ལྗོངས་དིང་རི་ས་ཁུལ་དུ་ས་ཡོམ་འགུལ་ཚད་རིམ་པ་བདུན་དང་གྲང་ཆུང་གཅིག་ཅན་ཞིག་བརྒྱུགས་པའི་གནས་ཚུལ་བྱུང་རྗེས། སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་བསྟན་བདག་བླ་ཆེན་ཁག་གིས་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག དེ་མཚུངས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚང་མས་ཉིན་དང་མཚན་བྱས་ནས་མཆོད་མེ་སྤར་བ་དང་བསྔོ་བ་སྨོན་ལམ་བཏོན་ནས་ཤ་རུས་གདུང་རྒྱུད་གཅིག་པའི་དིང་རི་མི་མང་དང་གོད་ཆག་ཕོག་པའི་བོད་ནང་གི་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུས་ཡོད། དེ་བཞིན་དུ་བོད་ནང་དུ་མདོ་དབུ་ཁམས་གསུམ་གྱི་མི་སྣ་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ། གཞས་པ། དྲ་དཔོན་དང་འབྱོར་ལྡན། ཚོགས་པ་ཁག་དང་མི་སྒེར་བཅས་ཀྱིས་ཞལ་འདེབས་ཕོན་ཆེན་པོ་ཕུལ་བར་མ་ཟད། ད་དུང་མི་མང་པོ་ཞིག་ཡུལ་དངོས་སུ་སོང་ནས་དིང་རི་མི་མང་ལ་ཉིན་རེའི་འཚོ་བའི་དགོས་མཁོ་མཁོ་སྤྲོད་དང་། ཡང་ན་རང་རང་གི་ཆེད་ལས་སྟེང་ནས། དིང་རི་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གང་ཐུབ་ཞུས་ཡོད་པ་རེད།
རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་། ས་གནས་རྒྱ་ནག་གཞུང་དང་དམག་གིས་རོགས་ཕན་བྱས་ལུགས་ལས་བོད་མིས་རོགས་རམ་བྱས་པའི་གནས་ཚུལ་སྤེལ་བ་མཐོང་རྒྱུ་དཀོན་པོ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ས་གནས་གཞན་གྱི་རོགས་སྐྱོར་ལེན་མཚམས་བཞག་ནས་འགོག་ཐབས་བྱས་པར་ཉམས་ཞིབ་པ་ཚོས་བོད་ནང་གི་བོད་མི་ཚོའི་ནང་ཁུལ་གྱི་གཡོ་བ་མེད་པའི་མཐུན་སྒྲིལ་དང་མི་རིགས་གཅིག་གི་འདུ་ཤེས་ཀྱི་སེམས་ཚོར་ལ་རྒྱ་ནག་གི་འགོ་ཁྲིད་ཚོ་ཞེད་སྣང་སྐྱེས་ཡོད་པ་འགྲེལ་བརྗོད་གནང་འདུག
རྒྱ་ནག་གཞུང་འབྲེལ་གྱི་གྲངས་འབོར་ལྟར་ན། དིང་རི་ས་ཁུལ་དུ་བརྒྱུགས་པའི་ས་འགུལ་ཁྲོད་མི་༡༢༦ རྐྱེན་ལམ་དུ་ཤོར་བ་དང་། ཡུལ་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་དང་རྒྱུ་ནོར་ལ་གནོན་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།