བོད་ནང་གི་དིང་རིའི་ས་ཡོམ་གོད་ཆག་གི་འཕེལ་རིམ་དང་བྱུང་བ་བཅས་ཀྱི་སྤྱི་ཡོངས་གནས་ཚུལ་ཕྱོགས་བསྡུས།

2025.01.10
བོད་ནང་གི་དིང་རིའི་ས་ཡོམ་གོད་ཆག་གི་འཕེལ་རིམ་དང་བྱུང་བ་བཅས་ཀྱི་སྤྱི་ཡོངས་གནས་ཚུལ་ཕྱོགས་བསྡུས། བོད་དིང་རིའི་ནང་ས་ཡོམ་བྱུང་རྗེས་ཀྱི་པར་རིས་ཤིག ༢༠༢༥།༠༡།༠༨ ཉིན།
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན། བོད་ནང་གི་དེང་རི་རྫོང་གཙོས་ཉེ་འཁོར་ས་ཁུལ་ཁག་ཏུ་ས་ཡོམ་ ༧.༡་ཅན་ཞིག་བྱུང་སྟེ། མི་སྣ་རྐྱེན་འདས་དང་སྡོད་ཁང་བརྡིབས་སྐྱོན་སོགས་མི་རྒྱུ་གཉིས་ལ་གྱོང་གུད་ཤུགས་ཆེན་བྱུང་ཡོད་པ་བཞིན། རྒྱ་ནག་གཞུང་འབྲེལ་ངོས་ནས་དེ་རིང་ཕྱི་ཚེས་ ༡༠ བར་ས་ཡོམ་གོད་ཆག་དེའི་ཁྲོད་མི་གྲངས་ ༡༢༦ རྐྱེན་འདས་དང་། མི་གྲངས་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པའི་གྲངས་ཐོ་བཏོན་པ་དང་། ས་གནས་ཡུལ་མི་དང་འབྲེལ་ཡོད་བོད་མི་ནས་མི་གྲངས་དེ་ལས་མང་པ་རྐྱེན་འདས་ཕྱིན་པའི་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༩ སྟེང་ས་ཡོམ་བྱུང་བ་དང་། རྒྱ་ནག་གཞུང་འབྲེལ་ས་འགུལ་བརྟག་ཞིབ་ལས་ཁུངས་ནས་སྐབས་དེའི་ས་ཡོམ་དེའི་ཚད་རིམ་ ༦.༨ ཡིན་བཏོན། ས་ཡོམ་བྱུང་རྗེས་འདས་པའི་ཆུ་ཚོད་ ༣ ལྷག་རིང་རྒྱ་ནག་གཞུང་འབྲེལ་རོགས་སྐྱོར་མི་སྣ་ས་ཡོམ་བྱུང་ཁུལ་དང་། མི་སྣ་རྐྱེན་འདས་ཀྱི་ས་ཁུལ་དུ་འབྱོར་མེད་པ་དང་། ས་གནས་སུ་གློག་ཆད་པ་དང་དྲ་རྒྱ་མེད་པ་སོགས་ཀྱིས། ཡུལ་མི་ཚོས་རང་ངོས་ནས་ཚེ་སྲོག་སྐྱོབ་པའི་ལས་གཞི་ཤུགས་ཆེར་སྤེལ་ཡོད་པ་དང་། ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༡་ཙམ་ལ་རྒྱ་ནག་གཞུང་འབྲེལ་ངོས་ནས་ས་ཡོམ་བྱུང་ཁུལ་དུ་རོགས་སྐྱོར་རླངས་འཁོར་ ༣༥ དང་། མི་གྲངས་ ༦༠ བཏང་ཡོད་པའི་གསལ་བསྒྲགས་སྤེལ།

ཕྱི་ཟླ་ ༧ ཚེས་ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ སྟེང་། རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་གོད་ཆག་ཁྲོད་མི་གྲངས་ ༩ རྐྱེན་འདས་དང་། མི་གྲངས་ ༢༩ རྨས་སྐྱོན་ཕོག་པའི་གནས་ཚུལ་སྤེལ་ཡོད་པ་དང་འབྲེལ། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ། ས་ཡོམ་དང་འབྲེལ་བའི་གནས་ཚུལ་དང་པར་རིས་སོགས་ཁྱབ་མགོ་ཚུགས་ཡོད་པ་རེད་ལ། ཉིན་རྒྱབ་ཙམ་ནས་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་ཟེར་བས་དིང་རིའི་ས་ཡོམ་གནོད་སྐྱོན་གྱི་རོགས་སྐྱོར་དེ་རིམ་པ་གཉིས་པའི་རོགས་སྐྱོར་གནས་རིམ་ལ་སྤར་བ་དང་། བོད་རང་སྐྱོང་ལྗོངས་ངོས་ནས་ས་མཚམས་དམག་དང་འབྲེལ་ཡོད་མི་སྣ་ ༣༠༠ ལྷག་ཆེད་གཏོང་གིས་རོགས་སྐྱོར་བྱས་ཡོད་པ་དང་། ཉིན་དེར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ནས་དིང་རིའི་ས་ཡོམ་གོད་ཆག་ལ་གནོད་སེལ་རྒུད་སྐྱོབ་ཧུར་ཐག་གིས་སྒྲུབ་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་ཟེར་བ་ཞིག་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བ་ཟད། ཉིན་དེར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བློན་གཞོན་པ་དང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཀྲང་གོ་ཆིང་ཟེར་བས། ས་ཡོམ་ས་ཁུལ་དུ་ཞི་ཅིན་ཕིན་གྱི་ལམ་སྟོན་འཁུར་ནས་ཡོང་སྟེ་ས་ཡོམ་གནོད་འཚེ་ལ་བརྟག་ཞིབ་ལམ་སྟོན་ཟེར་བ་བྱས་ཡོད་པ་རེད་ལ། དེ་ནི་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཅིག་ས་ཡོམ་ཁུལ་དུ་ཡོང་བ་གཅིག་པུ་ཆགས་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་གྲངས་ ༣༢ དང་། རྨས་སྐྱོན་ཕོག་པའི་གྲངས་ ༣༨ ཡིན་པ་བཀོད་རྗེས། དེ་མ་ཐག་རྐྱེན་འདས་གྲངས་ ༩༥ དང་། རྨས་སྐྱོན་གྲངས་ ༡༣༠ ལ་སྤར་པ་མ་ཟད། ས་ཡོམ་གྱི་བྱུང་ཁུལ་གྱི་ལྟེ་བ་དིང་རི་མཚོ་སྒོ་གྲོང་སྡེ་ཡིན་པ་དང་། ས་གནས་དེ་ཁུལ་དུ་གྲོང་ཚོ་ ༢༧ དང་། མི་གྲངས་ ༦༡༠༠༠ ལྷག་འཚོ་གནས་བྱས་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་རེད། ཉིན་དེའི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༩ ཙམ་གྱི་སྟེང་གཞིས་ཀ་རྩེ་དིང་རི་རྫོང་གི་གསར་འགོད་ཡོངས་བསྒྲགས་ཚོགས་འདུ་ཟེར་བའི་སྟེང་། ས་ཡོམ་ཁྲོད་མི་གྲངས་ ༡༢༦ དང་། མི་གྲངས་ ༡༨༨ ལ་རྨས་སྐྱོན་བྱུང་ཡོད་པ་གསལ་བསྒྲགས་སྤེལ་རྗེས། ད་བར་རྒྱ་ནག་གཞུང་འབྲེལ་ངོས་ནས་ས་ཡོམ་ཁྲོད་མི་སྣ་རྐྱེན་འདས་ཀྱི་ཁ་གྲངས་འཕར་སྣོན་མེད་པར་གནས་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ངོས་ནས་དིང་རིའི་ས་ཡོམ་རོགས་སྐྱོར་དེ་རིམ་པ་དང་པོར་སྤར་ཡོད་ན་ཡང་། ཕྱི་ཚེས་ ༨ ཉིན་ནས་བཟུང་རྒྱ་ནག་གཞུང་གཞིས་ཀ་རྩེ་སྲིད་གཞུང་གིས། རོགས་སྐྱོར་དང་དང་བླང་མི་སྣ་ཚོས་དིང་རིའི་ས་ཡོམ་ཁུལ་དུ་གནམ་གཤིས་གྲང་བ་དང་མཁའ་དབུག་ཉུང་བས་རོགས་སྐྱོར་བ་ཚོ་ས་གནས་སུ་འགྲོ་སྐྱོད་མི་ཆོག་པ་དང་། ད་ལྟའི་ཆར་ས་ཡོམ་ཁུལ་དུ་རོགས་སྐྱོར་བ་དང་དངོས་ཟོག་སོགས་འདང་ངེས་ཡོད་པ་བསྒྲགས་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་རོགས་སྐྱོར་དངོས་ཟོག་ཕྱི་ཚེས་ ༨ ཉིན་གུང་བར་ས་ཡོམ་ཁུལ་དུ་འབྱོར་མེད་པ་རེད་ལ། རྒྱ་ནག་གཞུང་ངོས་ནས་བོད་ཀྱི་ས་ཁུལ་ཡོངས་ནས་རོགས་སྐྱོར་དུ་ཕེབས་མཁན་ཚོར་འགྲོ་སྐྱོད་ཆོག་མཆན་དགོས་སྐོར་གྱི་དམ་དྲག་བྱས་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། དིང་རི་གཙོས་ཉེ་འཁོར་ས་གནས་ཁག་ཏུ་ས་ཡོམ་རྐྱེན་གྱིས་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ནང་གི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཕྱི་ཚེས་ ༨ ཉིན་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་དང་། སྨོན་ལམ་ས་གནས་གང་སར་ཚོགས་གནང་ཡོད་པ་རེད།

ཕྱི་ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལས་ཁུངས་ཟེར་བའི་ནང་ཕྱིན་ཏེ། ས་ཡོམ་དང་འབྲེལ་རོགས་སྐྱོབ་ཤུགས་ཆེ་རུ་གཏོང་དགོས་སྐོར་དང་། ས་ཡོམ་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད། ཉིན་དེ་རང་ལ་ཁོ་དིང་རི་རྫོང་གི་ས་ཡོམ་བྱུང་ཁུལ་དུ་ཕྱིན་ཏེ་ས་ཡོམ་གནོད་སྐྱོན་ལ་རྟོག་ཞིབ་ཟེར་བ་བྱས་ཡོད་པ་རེད་ལ། ས་ཡོམ་བྱུང་བ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་མང་པོས་རོགས་སྐྱོར་དངོས་ཟོག་སོགས་ཤུགས་ཆེར་དབོར་འདྲེན་དང་། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པས་ཁྲོད་ནས་སྙན་ངག་དང་རྩོམ་ཡིག་གི་ལམ་ནས་དིང་རིའི་ས་ཡོམ་ལ་གདུང་སེམས་སྐྱེད་ཀྱི་བརྩམས་ཆོས་མུ་མཐུད་སྤེལ་དང་སྤེལ་མུས་ཡིན་པ་རེད།

ཕྱི་ཚེས་ ༨ ཉིན་ནས་བཟུང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འབྲེལ་ཡོད་མགོ་ཁྲིད་དང་། སྲིད་དོན་པ་མང་པོས་བོད་ནང་གི་ས་ཡོམ་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཤུགས་ཆེར་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་གསར་ལམ་ཁག་མང་པོས་ས་ཡོམ་སྐོར་གྱི་གནས་ཚུལ་ཤུགས་ཆེར་སྤེལ་ཡོད་ན་ཡང་། ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་གྲངས་ཐོ་སོགས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལས་བྱུང་མེད་པ་རེད་ལ། ཉིན་དེར་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་ངོས་ནས་དིང་རིའི་ས་ཡོམ་གྱི་མི་སྣ་འཚོལ་ཞིབ་དང་མྱུར་སྐྱོབ་ལས་དོན་མཇུག་སྒྲིལ་ནས། རོགས་སྐྱོར་ལས་དོན་དེ་མི་མང་གི་འཚོ་བའི་བདེ་དོན་ཆེད་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་བསྒྲགས་ན་ཡང་། ཕྱི་ཚེས་ ༩ ཉིན་ད་དུང་མི་མང་ངོས་ནས་གྲོང་ཚོ་ཁག་ཏུ་མི་སྣ་འཚོལ་ཞིབ་དང་སྲོག་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པའི་གནས་ཚུལ་འབྲེལ་ཡོད་ནས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

ཕྱི་ཚེས་ ༩ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་རྩེ་རྫོང་གི་འགོག་སྒོ་ནས་རོགས་སྐྱོར་དངོས་ཟོག་ཁག་གཞུང་གི་འབྲེལ་ཡོད་མི་སྣར་རྩིས་སྤྲོད་དགོས་པ་ལས་གང་བྱུང་བགོ་འགྲེམས་མི་ཆོག་པའི་དམ་དྲག་བྱས་ཡོད་ན་ཡང་། རོགས་སྐྱོར་མི་སྣ་མང་པོ་དེའི་སྔོན་ནས་ཉིན་མཚན་བརྒྱབ་སྟེ་ས་ཡོམ་བྱུང་ཁུལ་དུ་འཛུལ་ཐུབ་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་ནས་ལྷ་རྩེ་རྫོང་གི་འགག་སྒོ་ནས་བཀག་འགོག་བྱེད་བཞིན་པ་མ་ཟད། ས་གནས་སུ་འགྲོ་སྐྱོད་ཆོག་པའི་ལམ་ཡིག་དགོས་སྐོར་སོགས་བརྗོད་ཡོད་པའི་བརྙན་སོགས་དྲ་ལམ་དུ་ཁྱབ་ཡོད་པ་དང་་། རྗེས་སུ་གཏན་འགག་མ་ཐུབ་པར་གཞུང་གི་བཀོད་སྒྲིག་ལྟར་གཏོང་གི་ཡོད་ན་ཡང་། ཅ་དངོས་སོགས་མི་སྒེར་ངོས་ནས་གང་བྱུང་སྤྲད་མ་བཅུག་པར། ས་གནས་གཞུང་གི་བཀོད་སྒྲིག་བྱ་ཡུལ་དུ་དབོར་བཅུག་གི་ཡོད་པ་རེད་འདུག

ཕྱི་ཚེས་ ༩ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ས་ཡོམ་གོད་ཆག་ཁྲོད་གཏོར་བཤིག་ཕྱིན་པའི་དིང་རི་རྫོང་མཚོ་སྒོ་ཤང་དང་། མཚོ་ལྷོ། གྲམ་མཚོ་སོགས་ཀྱི་གློག་དང་དྲ་རྒྱ་སོགས་མཐུད་ཡོད་པ་བསྒྲགས་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་དམིགས་བསལ་གནོད་འཚེ་རྟོག་ཞིབ་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ལི་ལིང་ཟེར་བས། དིང་རིའི་ས་ཡོམ་དེ་བཞིན་ལྷ་སའི་ས་དུམ་གྱི་ནུས་ཚད་ཕྱིར་ནུར་བྱས་པ་ལས་བྱུང་ཡོད་པ་དང་། ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་གཏོར་བཤིག་ཚབས་ཆེ་བའི་རྒྱུ་མཚན། ཡུལ་དེའི་ཁང་པ་དང་སྡོད་གནས་སོགས་ས་ཁང་དང་རྡོ་ཁང་ཡིན་པས་སྒྲིག་གཞི་བརྟན་པོ་མ་བྱུང་བས་ཡིན་སྐོར་བརྗོད་འདུག

ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ནང་གི་དིང་རིར་ས་ཡོམ་ ༧.༡ བྱུང་རྗེས། འཕྲོ་ཡོམ་ཐེངས་ ༡༠༩༥ ལྷག་བྱུང་བ་དང་། ཡོམ་འཕྲོ་ཆེ་ཤོས་ཕྱི་ཚེས་ ༧ ཉིན་ ༤.༤ བརྒྱབ་ཡོད་པ་དང་། དེ་མིན་མང་ཤོས་ཚད་རིམ་ ༢་དང་ ༣ བར་ཡིན་པ་བཀོད་ཡོད་པ་དང་། ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་གཏོར་བཤིག་ཧ་ཅང་ཆེན་པོ་ཡིན་ན་ཡང་། རྒྱ་ནག་གཞུང་གིས་ས་གནས་ཀྱི་གནས་ཚུལ་དངོས་དང་མི་མང་གིས་རོགས་སྐྱོར་དང་ཚེ་སྲོག་བསྐྱབས་པ་སོགས་པར་དང་བརྙན་ལེན་བཅུག་གི་མེད་པར། གཞུང་འབྲེལ་གྱི་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་མ་ཟད། གསར་ལམ་ཁག་ཏུ་གཞུང་གིས་རོགས་སྐྱོར་བྱས་པ་ཁག་བསྒྲགས་ཡོད་པ་རེད།  མི་སྣ་རྐྱེན་འདས་ཕྱིན་པ་ཚོས་ཕུང་པོ་དང་གནོད་འཚེ་ཤུགས་ཆེན་ཐེབས་པའི་པར་དང་བརྙན་ལེན་པ་དང་། གནས་ཚུལ་རིགས་བརྒྱུད་སྐུར་བྱེད་བཅུག་གི་མེད་པ། རོགས་སྐྱོར་མི་སྣ་གྲོང་ཚོ་ཁག་ཏུ་སྐྱོད་པར་ཉེན་རྟོག་པས་རྗེས་དེད་དང་མཉམ་དུ་འགྲོ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མིས་གསལ་བཤད་བྱས་ཡོད།

གཞན་ཡང་ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་གཞིས་ཀ་རྩེ་སྲིད་གཞུང་ངོས་ནས། ས་ཡོམ་དང་འབྲེལ་བའི་སྤྱི་ཚོགས་དྲ་ལམ་དུ་བཅོས་མའི་རིག་ནུས་ཀྱིས་བཟོས་པའི་པར་རིས་དང་། ས་ཡོམ་སྐོར་གྱི་པར་དང་བརྙན་སོགས་གང་བྱུང་བརྒྱུད་སྐུར་མི་ཆོག་པ་དང་། དེ་ལྟར་བྱས་པ་ཡིན་ན་ས་ཡོམ་གྱི་རོགས་སྐྱོར་ལས་དོན་ལ་གནོད་འཚེ་ཤུགས་ཆེར་ཐེབས་ཀྱི་ཡོད་པས། དེ་ལྟར་བྱེད་མཁན་རིགས་གོང་རིམ་ལ་ཡར་ཞུ་ཞུས་ན་ཉེན་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་སོགས་བསྒྲགས་འདུག་ལ། དེང་རིའི་ས་ཡོམ་ཁྲོད་སྤྱི་ཡོངས་ནས་གཏོར་བཤིག་ཆེན་པོ་ཐེབས་ཡོད་པ་ལས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བའི་ཁྲོད། ལོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་པ། དིང་རི་གྲམ་མཚོ་ཟེར་དཀར་ཆོས་སྡེ། དགོན་ཏ་ཕུག མཚོ་ལྔ་ཆོས་སྡེ། མཚོ་སྒོ་དགོན། དིང་རི་ཆུ་ལྷོ་ཡུལ་ཚོའི་ནང་ཡོད་པའི་བདེ་བ་ཅན་དགོན་པ་བཅས་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་དང་། ས་ཡོམ་གནོད་འཚེ་ཕོག་ཤུགས་ཆེ་ཤོས་གྲམ་མཚོ་ཤང་གི་མགུ་རིང་གྲོང་ཚོ་དང་། ཟིང་དཀར་གྲོང་ཚོ། མཚོ་སྒང་ཤང་གི་སྐྱིད་ལྡིང་གྲོང་ཚོ། ཆུ་ལྷོ་ཤང་སོགས་ཡིན་པ་རེད།

ཕྱི་ཚེས་ ༡༠ ཉིན་སྔ་དྲོ་ནས་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་རང་སྐྱོང་ལྗོངས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བཏང་བའི་བརྡ་ཁྱབ་ཅེས་པ་ཞིག་སྤེལ་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ངོ་མ་ཚོར་ཐུབ་པ་བྱེད་དགོས་པ། སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བརྟན་བརླིང་ལ་འགན་འཁུར་ནས་ས་ཡོམ་གོད་ཆག་གི་རོགས་སྐྱོར་ངེས་པར་ཏན་ཏིག་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཕྱི་ཚེས་ ༡༠ སྟེ་ས་ཡོམ་བྱུང་རྗེས་གྱི་ཉིན་གྲངས་ ༤ རྗེས་སུ་རྒྱ་ནག་གཞུང་འབྲེལ་གྱིས་ས་ཡོམ་གོད་ཆག་ཁྲོད་རོགས་སྐྱོར་མི་སྣ་ ༡༨༥༠ དང་ཐད་འཕུར་གནམ་གྲུ་ ༣ ། ས་ཕྱོགས་སོ་སོ་ནས་ཡོང་བའི་རོགས་སྐྱོར་རུ་ཁག་མི་གྲངས་ ༡༥༠༠ ཡོད་པ་བསྒྲགས་ཡོད་པ་རེད་ལ། ས་ཡོམ་གོད་ཆག་བྱུང་ཁུལ་དུ་མི་གྲངས་ཁྲི་ ༤ ལྷག་ལ་སྡོད་གནས་བཀོད་སྒྲིག་དང་། གུར་ ༡༢༧༣༠ ཕུབ་པ། ཁང་པ་གཏོར་བཤིག་ཐེབས་ཚད་ ༣༦༡༢ དང་། མི་གྲངས་ཁྲི་ ༦ ལྷག་ལ་གནོད་འཚེ་ཕོག་ཡོད་པ་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། གནས་ཚུལ་ཕྱོགས་བསྡུས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



 

 

 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎