སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྐུ་གྲོངས་འདུག


2020-09-22
Share
སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས། སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས།
བོད་འབྱོར།

བོད་ཀྱི་རྒྱལ་ས་ལྷ་སར་བཞུགས་ཡོད་པའི་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྤྱི་ལོ་༢༠༢༠་ལོའི་ཟླ་༩་ཚེས་༢༡་རེས་གཟའ་ཟླ་བའི་དགོང་དྲོ་གཟིམ་ཤག་ཏུ་སྐུ་གཤེགས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་༡༩༤༥་ལོར་འཁྲུངས་པའི་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི། ལོ་རབས་དྲུག་བཅུ་ནས་བོད་ཀྱི་སློབ་གསོའི་ལས་དོན་ཐོག་མཉམ་ཞུགས་གནང་ཞིང་། ལོ་རབས་བརྒྱད་བཅུའི་ནང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་ཡོད་འདུག་ལ། ད་རེས་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་རྗེས་བོད་ཀྱི་ས་ཕྱོགས་ཁག་ལ་ཡོད་པའི་སློབ་མ་སོགས་མང་པོས་དྲ་ལམ་ཐོག་རྣམ་པ་འདྲ་མིན་གྱི་ལམ་ནས་དམ་པ་ཁོང་ལ་བསྔོ་སྨོན་དང་མྱ་ངན་ཞུས་ནས། བོད་ཀྱི་སློབ་གསོའི་བྱ་གཞག་དང་རིག་གཞུང་བརྒྱུད་སྤེལ་ཐད་ལེགས་སྐྱེས་རླབས་ཆེན་ཕུལ་པར་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་འདུག
རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི། བོད་ཀྱི་སློབ་གསོའི་བྱ་གཞག་ཐོག་ལས་དོན་བསྒྲུབ་ནས་བོད་ཀྱི་རིག་གཞུང་དང་གོམས་སྲོལ་མི་ཉམས་གོང་འཕེལ་དང་། བོད་པའི་མི་རབས་གསར་པའི་ཁྲོད་ད་བར་མུ་མཐུད་བརྒྱུད་སྤེལ་གནང་མཁན་གྱི་བོད་པའི་རྒན་རབས་ཤིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། དེ་སྔོན་དམ་པ་ཁོང་ནི་བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སློབ་གསོ་ཞིབ་བཤེར་ལྷན་ཁང་དང་རྒྱ་ནག་རྒྱལ་ཁབ་ཀྱི་རྩོམ་པ་པོ་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་མི་བཅས་རེད་འདུག
དམ་པ་ཁོང་གིས་དེ་སྔོན་བཅའ་འདྲི་ཞིག་ནང་བོད་ཀྱི་སྐད་ཡིག་སྐོར་ལ་གླེང་མོལ་གནང་པའི་སྐབས། བོད་ཀྱི་སྐད་ཡིག་མུ་མཐུད་གནས་དགོས་ན་ཡི་གེ་ཀློག་པའི་ཚེ་བརྡ་སྤྲོད་རིག་པའི་གཞུང་དང་མཐུན་པ་དང་རྩོམ་ཡིག་དང་གླུ་གཞས་གང་ཡིན་རུང་། དེའི་སྐབས་ལ་ཡུལ་སྐད་བྱེ་བྲག་པ་དེ་ཚོར་དོར་དགོས་པས། དེ་ལྟར་བྱུང་ན་བོད་ཀྱི་སྐད་ཡིག་ས་བརྟན་ངང་རྒྱུན་གནས་ཐུབ་རྒྱུ་དང་རྩོམ་རིག་ནང་ཡུལ་སྐད་མ་ཡིན་པར་བེད་སྤྱོད་གཅིག་གྱུར་དགོས་པ་སོགས་ཀྱི་ལམ་སྟོན་གནང་མྱོང་ཡོད།    
ཤེས་རྟོགས་བྱུང་བར། དམ་པ་ཁོང་གིས་འདས་པའི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་<<མིག་ཡིད་རྣ་བའི་དགའ་སྟོན།>>དང་། << བོད་ཀྱི་སྤྱི་སྐད་སློབ་དེབ།>>བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་དེབ་<<ཞེ་སའི་ལག་དེབ་བློ་གསར་དགའ་སྟོན།>>  << བོད་ཀྱི་ཡུལ་སྲོལ་རྣམ་བཤད།>>   དེ་བཞིན་<<བྱིས་སྒྲུང་གྲགས་ཅན་ལྔ། >> <<མཛའ་བཅུག་གི་མི་ཚེ།>>ཞེས་པའི་བསྒྱུར་རྩོམ་ལ་སོགས་པའི་ཕྱག་དེབ་ཁག་ཅིག་པར་བསྐྲུན་ཞུས་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎