སྒྲོལ་དཀར་ལགས་བཙོན་གྲོལ་བྱུང་ཡོད་ཀྱང་ནད་པར་གྱུར་འདུག
2020.08.18
རྒྱ་ནག་གཞུང་གིས་ལོ་སྔོན་མར་འཛིན་བཟུང་བཙོན་འཇུག་བྱས་པའི་སྒྲོལ་དཀར་ལགས་གློད་གྲོལ་བྱུང་ཡོད་ཀྱང་ནད་པར་གྱུར་འདུག
དེ་ཡང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ནས་ཡིན་པའི་སྒྲོལ་དཀར་ལགས། རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་དཀྲུགས་པའི་ཉེས་མིང་འོག་ལོ་གཅིག་དང་ཟླ་བ་གསུམ་གྱི་བཙོན་འཇུག་གི་ལོ་དུས་ཚང་ནས། ཟླ་བ་འདིའི་ཕྱི་ཚེས་༡༥་ཉིན་གྱི་དགོང་དྲོར་ཁོང་མོ་གློད་གྲོལ་བཏང་ཡོད་ན་ཡང་། ཁོང་མོའི་སྐུ་ལུས་བདེ་བོ་མེད་པར་ནད་པར་གྱུར་ཡོད་པ་རེད་འདུག དེའི་སྐོར་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་ངོ་སྤྲོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་བྱེད་ཡུན་གྱི་རིང་། རྡོ་འོར་འདྲེན་བྱེད་པ་སོགས་ཀྱི་ངལ་རྩོལ་ཚད་མེད་བཀོལ་བ་དང་། གཅར་རྡུང་བཏང་བའི་རྐྱེན་གྱིས་ལུས་པོའི་གང་སར་སྔོ་ཐིག་བཟོས་ཤིང་སྨན་བཅོས་དུས་ཐོག་མ་རག་པའི་རྐྱེན་གྱིས་དཔྱི་མགོ་གཡས་གཡོན་དང་རྐང་ལག་འགུལ་བསྐྱོད་མ་ཐུབ་པ་གྱུར་ཏེ་ད་ཆ་ཁོང་མོ་གློད་གྲོལ་ཐོབ་ཡོད་ནའང་། སྨན་ཁང་ལ་བསྟེན་གཏུག་གིས་རང་ཁྱིམ་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཁོང་འཛིིན་བཟུང་བྱས་པའི་རྒྱུ་མཚན་གཙོ་བོ་ནི། སྔ་ལོར་པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་ཤས་ཀྱི་རྗེས། སྤྱི་ལོ་༢༠༡༩་ལོའིཟླ་བ་༤་པའི་ཚེས་༢༩་ཉིན་ཁོང་མོའི་ཚ་བོ་དབང་ཆེན་དང་། ཁོའི་རོགས་པ་བློ་བཟང་དང་ཡོན་ཏན་བཅས་ཁོང་གསུམ་གྱིས་རི་མགོར་བསང་གསོལ་བཏང་པའི་སྐབས་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། རྒྱལ་བ་ཡབ་སྲས་རྣམ་གཉིས་བོད་ནང་མཇལ་འཛོམས་ཞུ་བའི་རེ་འབོད་རྒྱབ་པ་བཅས་ལ་བརྟེན་ནས་ཁོང་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྗེས། སྒྲོལ་དཀར་ལགས་ཀྱིས་ཁོང་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཚུལ་གྱིས་ཁོ་མོར་རྒྱལ་ཁབ་ཀྱི་རྩ་དོན་དང་ས་གནས་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་བ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
སྒྲོལ་དཀར་ལགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་། ཆུ་སྔོན་ལུང་པ་ནས་ཡིན་པ་དང་། རང་ལོ་༡༨་སྐབས་ནས་ཡུལ་་ཤུལ་ཁུལ་དུ་ཡུན་རིང་བསྡད་ཡོད་ཅིང་རྗེས་སུ། ཁོང་གི་སྤུན་མཆེད་མང་པོ་སེར་ཤུལ་ཁུལ་དུ་ཡོད་སྟབས་ས་གནས་དེར་ཁང་པ་ཉོས་ཏེ་གཏན་སྡོད་བྱེད་ཀྱི་ཡོད་པ་དང་། མོའི་བཟའ་ཟླའི་མིང་ལ་སྐར་ཚེ་ཟེར་བ་དང་། ཁོང་གཉིས་ལ་རང་ལོ་༡༦་སོན་པའི་བུ་མོ་སྒྲོལ་དཀར་ལྷ་མོ་དང་། རང་ལོ་༨་ལ་སོན་པའི་བུ་མོ་རིན་ཆེན་ལྷ་མོ་ཟེར་བ་གཉིས་ཡོད་པ་རེད་འདུག