བྲག་འགོ་ལི་ཁོག་གྲོང་ཚོའི་ནང་བསྐྱར་དུ་བོད་མི་ཁག་ཅིག་འཛིན་བཟུང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཀག་ཉར་བྱས་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༡ཟླ་འགོ་ཙམ་ལ་རྒྱ་ནག་འབྲེལ་ཡོད་ཚན་པས་བསྐྱར་དུ་བྲག་འགོ་རྫོང་ལི་ཁོག་གྲོང་ཚོའི་ནང་།ཁ་པར་སྔོགས་བཤེར་ཀྱིས་བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་བོད་མི་གྲངས་ག་ཚོད་ཡོད་དང་ཁོ་ཚོའི་མིང་དང་འབྲེལ་ཡོད་གནས་ཚུལ་ལག་སོན་བྱུང་མ་སོང་ཀྱང་། ཐེངས་འདིར་བོད་མི་ཁ་ཤས་ཙམ་མ་ཡིན་པར་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་ཚོ་མང་ཆེ་བ་བཀག་ཉར་བྱེད་ས་དེ་ཐང་ནག་མ་ཞེས་པའི་ས་གནས་སུ་ཡོད་པའི་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཀག་ཉར་བྱས་ཡོད་སྐོར། འབྲེལ་ཡོད་བཙན་བྱོལ་ནང་གནས་སྡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། བོད་མི་དེ་དག་འཛིན་བཟུང་བྱེད་སྟངས་དེ་ཐོག་མར་རྫོང་ཉེན་རྟོག་ཁང་དུ་འབོད་འགུག་དང་། འདྲི་རྩད་སྔོགས་བཤེར་རིགས་བྱས་རྗེས་ཆབ་སྲིད་གནད་དོན་དང་འབྲེལ་བའི་པར་རིས་དང་བརྙན་ཐུང་རིགས་བརྒྱུད་སྤེལ་བྱས་ཡོད་སྐོར་དང་། ཕྱི་ཕྱོགས་ཀྱི་བོད་མིར་འབྲེལ་འདྲིས་བྱས་པ་སོགས་ཀྱི་ཉེས་འཛུགས་ཀྱིས། བོད་མི་ཁ་ཤས་དུས་ཡུན་བདུན་ཕྲག་གཅིག་ཡས་མས་ལ་བཀག་ཉར་རྗེས་ཀློད་གྲོལ་བཏང་ན་ཡང་། ཉིན་ཤས་ནང་སླར་ཡང་འབོད་འགུག་གིས་བཀག་ཉར་བྱེད་བཞིན་པའི་གནས་སྟངས་བྱུང་གི་ཡོད་པ་དང་། འཛིན་བཟུང་བཀག་ཉར་བྱས་པའི་ཡུལ་མི་དེ་དག་ཚང་མ་འབྲོག་པ་ལས་གྲྭ་བཙུན་གཅིག་མེད་སྐོར་བརྗོད་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ནམ་རྒྱུན་སློབ་གསོ་ཁང་ཞེས་བོད་མི་ཚོ་བཀག་ཉར་བྱེད་ས་དེ་དག་ནི། གཙོ་བོ་ངལ་རྩོལ་བསྒྱུར་བཀོད་ཁང་ངམ་རྒྱ་ནག་གཞུང་འབྲེལ་ཆབ་སྲིད་སློབ་སྤྲོད་ས་དང་། བོད་མི་ཚོར་ལུས་སེམས་གཉིས་ཐོག་ནས་ངལ་རྩོལ་ལ་བཀོལ་ནས་བསམ་བློ་བཅོས་སྒྱུར་གཏོང་ས་ཞིག་ཆགས་ཀྱི་ཡོད་པ་རེད།
འདི་ག་ཨེ་ཤི་ཡ་རང་དབང་འཕྲིན་ཁང་ནས་བྲག་འགོ་ལི་ཁོག་ནས་འཛིན་བཟུང་བྱས་པའི་བོད་མི་དག་གི་འབྲེལ་ཡོད་གནས་ཚུལ་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན་ལ། དེ་སྔ་སྐུ་བརྙན་གཏོར་བཤིག་དང་འབྲེལ་ནས་འཛིན་བཟུང་བྱས་པའི་བོད་མི་དག་རྒྱ་ནག་གཞུང་གིས་སློབ་གསོ་ཁང་ཞེས་འབོད་པའི་ངལ་སྩོལ་བསྒྱུར་བཀོད་ཁང་དུ་མུ་མཐུད་བཀག་ཉར་བྱས་ཡོད་པ་དང་། སྤྱིར་ཡུལ་མི་ཚོས་ཁ་པར་སྔོགས་བཤེར་གྱི་ལས་འགུལ་དེ་སྔར་ལོའི་ཕྱི་ཟླ་༡༠ཙམ་ནས་འགོ་འཛུགས་བྱས་ཡོད་ན་ཡང་། ད་ལྟའི་ཆར་གནས་སྟངས་ཛ་དྲག་རུ་འགྲོ་བཞིན་ཡོད་སྐོར། འབྲེལ་ཡོད་བོད་མི་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་གི་འདུག
ལི་ཁོག་གྲོང་སྡེ་ནི་ཡུལ་དེའི་ནང་ཡོད་པའི་འབྲོག་སྡེ་རྐྱང་ཡིན་པའི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་ཚོ་དེ་བཞིན་བྲག་འགོ་རྫོང་ནས་སྤྱི་ལེ་༥༠་ཙམ་གྱི་སར་ཡོད་པ་དང་། རྒྱ་ནག་གཞུང་གིས་སྔར་ལོའི་ལོ་མཇུག་ནས་བཟུང་བོད་བྲག་འགོ་ཁུལ་དུ་སྐུ་བརྙན་དང་མ་ཎི་ལག་འཁོར་སོགས་གཏོར་བཤིག་དང་འབྲེལ། བོད་མི་ཁག་འཛིན་བཟུང་དང་ཡུལ་དེའི་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ད་ལྟར་དམ་དྲག་བྱེད་ས་གཙོ་བོ་ཡུལ་མི་ཚོའི་ཁ་པར་སྔོགས་བཤེར་སོགས་ཉེས་འཛུགས་འདྲ་མིན་གྱིས་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།