བྲག་འགོ་ནས་འཛིན་བཟུང་བྱས་པའི་བྲག་འགོ་དགོན་པའི་ཕྱག་མཛོད་གཙོས་དགེ་འདུན་པ་ཁག་ཅིག་ཀློད་གྲོལ་བཏང་ཡོད་འདུག

2022.03.23
བྲག་འགོ་ནས་འཛིན་བཟུང་བྱས་པའི་བྲག་འགོ་དགོན་པའི་ཕྱག་མཛོད་གཙོས་དགེ་འདུན་པ་ཁག་ཅིག་ཀློད་གྲོལ་བཏང་ཡོད་འདུག ད་ལྟའི་ཆར་དགོན་པའི་ཕྱག་མཛོད་གཙོས་དགེ་འདུན་པ་ཁག་ཅིག་ཀློད་གྲོལ་བཏང་ཡོད་ན་ཡང་། ག་དུས་ཀློད་ཡོད་པའི་ཟླ་ཚེས་དང་གནས་སྟངས་ག་འདྲ་ཡིན་སོགས་དམ་དྲག་རྐྱེན་གྱིས་གསལ་ལག་སོན་བྱུང་མེད་པ།
མཐུན་འགྱུར་པར་རིས།

ཕྱི་ལོ་༢༠༢༡ལོའི་ལོ་མཇུག་ནང་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྟོན་པའི་སྐུ་བརྙན་གཏོར་བཤིག་གཙོས་ཡུལ་དེའི་ནང་དམ་དྲག་དང་ཡུལ་མི་གང་བྱུང་འཛིན་བཟུང་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་ཡོད་པ་ལྟར། ཉེ་བའི་ཉིན་ཤས་སྔོན་སྐུ་བརྙན་གཏོར་བཤིག་མ་བཏང་སྔོན་གྱི་ཉིན་གྲངས་ཁ་ཤས་སྔོན་བྲག་འགོ་དགོན་ནས་དགེན་འདུན་པ་བཞི་འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས། ཕྱག་མཛོད་ཉི་མ་གཙོས་དགེ་འདུན་པ་ཁག་ཅིག་ཀློད་གྲོལ་བཏང་ཡོད་ན་ཡང་། ད་ལྟའི་ཆར་ཁོང་ཚོ་ས་གནས་གང་ཞིག་ཏུ་ཡོད་དང་། སྐུ་གཟུགས་འཕྲོད་བསྟེན་གནས་སྟངས་ག་འདྲ་ཆགས་ཡོད་པའི་སྐོར་ཤེས་རྟོག་ཐུབ་ཀྱི་མེད་སྐོར། བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་དགོན་པའི་ཕྱག་མཛོད་གཙོས་དགེ་འདུན་པ་ཁག་ཅིག་ཀློད་གྲོལ་བཏང་ཡོད་ན་ཡང་། ག་དུས་ཀློད་ཡོད་པའི་ཟླ་ཚེས་དང་གནས་སྟངས་ག་འདྲ་ཡིན་སོགས་དམ་དྲག་རྐྱེན་གྱིས་གསལ་ལག་སོན་བྱུང་མེད་པ་དང་། གཞན་བྲག་འགོ་དགེ་ལྡན་སློབ་གྲྭ་གཏོར་བཤིག་རྗེས་དགོན་པའི་ནང་དུ་དགེ་རྒན་ཡོད་མཁན་གྲྭ་བ་ཆུང་ཆུང་ཚོ་དགོན་པར་མུ་མཐུད་འདུག་བཅུག་ཡོད་པ་དང་། དེ་བཞིན་རྒྱ་ཡིག་ཅུང་ཙམ་ཤེས་མཁན་སློབ་ཕྲུག་ཚོ་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་ཡོད་ཀྱང་། དགེ་རྒན་མེད་མཁན་རྒྱ་ཡིག་མི་ཤེས་མཁན་ཚོ་འགྲོ་ས་འདུག་ས་གང་ཡང་མེད་པ་ཆགས་ཏེ། དགོན་པའི་ནང་ཡོང་མི་བཅུག་པ་སོགས་དཀའ་ངལ་རིམ་པར་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་༡༠་ནས་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་གཏོར་བཤིག་བཏང་བ་ནས་བཟུང་། བྲག་མགོ་ཕྱོགས་ནས་སྐུ་བརྙན་ཁག་ཅིག་གཏོར་བཤིག་དང་། ཡུལ་མི་ཚོར་དམ་དྲག་དང་ལྟ་རྟོག་གཙོས་གང་བྱུང་འཛིན་བཟུང་དང་བཀག་ཉར་རིགས་བྱས་ཡོད་པ་བཞིན། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་སྟོན་པའི་སྐུ་བརྙན་གཏོར་བཤིག་དང་འབྲེལ་ནས་ཡུལ་མི་ཁག་ཅིག་འཛིན་བཟུང་བྱས་པ་བཞིན། བོད་མི་དེ་དག་གི་ད་ལྟའི་གནས་སྟངས་ཐད་གསལ་ཁ་གང་ཡང་མེད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༣ལོ་ནས་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་སློབ་གསོ་སྒྱུར་བཀོད་ཁང་ཁག་མེད་པ་བཟོས་ཡོད་སྐོར་བརྗོད་ཡོད་ཀྱང་། བྲག་འགོ་ཁུལ་དུ་བོད་མི་མང་པོ་གང་བྱུང་སློབ་གསོ་སྒྱུར་བཀོད་ཁག་ལག་བསྟར་བཞིན་པ་དང། བྲག་འགོའི་གནས་སྟངས་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ག་འདྲ་ཡིན་པ་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་ཉེན་རྟོག་པས་བྲག་འགོ་དགོན་པའི་དགེ་འདུན་པ་དེ་དག་འཛིན་བཟུང་དགོས་དོན་ནི་སྲིད་གཞུང་གི་ཆབ་སྲིད་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ཡོད་པ་དང་། སྐབས་དེར་འཛིན་བཟུང་བྱས་པའི་ཁྲོད་ནས་བྲག་འགོ་དགོན་པའི་མཁན་པོ་དཔལ་དགའ་དང་། ཕྱག་མཛོད་ཉི་མ། དགེ་འདུན་པ་བཀྲ་ཤིས་རྡོ་རྗེ་ལགས་དང་ཉི་མ་སོགས་བྲག་འགོ་རྫོང་ཐོག་ལ་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་རེད་ལ། སྐབས་དེར་འཛིན་བཟུང་བྱས་པའི་དགེ་འདུན་པ་གཅིག་ལ་བརྡུང་རྡེག་ཤུགས་ཆེར་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། བྲག་འགོ་རྫོང་ནས་ཡུལ་མི་ཚོར་རྣམ་འགྱུར་ཡག་པོ་མེད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཏེ་གྱོན་ཆས་སོགས་གང་ཡང་མེད་པར་དགུན་འཁྱགས་ནང་ཡར་ལངས་བཅུག་སྟེ་ཡུན་རིང་བཞག་ནས་མནར་གཅོད་རིགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎