ཡོ་རོབ་མཉམ་འབྲེལ་གྱི་དབུ་ཁྲིད་ཚོའི་མཉམ་རུབ་བྱ་བཞག་ལ་༧གོང་ས་མཆོག་གིས་དགའ་བསུ་མཛད།

2020-07-22
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག
OHHDL

ཡོ་རོབ་ཀྱི་མངའ་ཁོངས་སུ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་དཔལ་འབྱོར་ཉམས་ཆག་བྱུང་བ་བསྐྱར་གསོ་ཡོང་བར་ཡོ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་མཉམ་རུབ་གནང་བཞིན་པར་༧གོང་ས་མཆོག་གིས་དགའ་བསུ་མཛད་འདུག
ཡོ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་དུས་ཚོད་༩༠་ལྷག་གི་རིང་གྲོས་བསྡུར་ཡུན་རིང་གནང་བ་བརྒྱུད། ཡོ་རོབ་ཀྱི་མངའ་ཁོངས་སུ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་དབང་གིས་དཔལ་འབྱོར་གྱི་ཉམས་ཉེས་ཆེན་པོ་བྱུང་བ་སླར་གསོ་ཡོང་ཆེད། ཡོ་རོབ་མཉམ་འབྲེལ་གྱི་ཚོགས་མི་རྒྱལ་ཁབ་རྣམས་མཉམ་རུབ་ཀྱིས་འབད་བརྩོན་གནང་རྒྱུ་དང་། དེ་ལ་ཡོ་སྒོར་ཐེར་འབུམ་བདུན་བརྒྱ་ལྔ་བཅུ་སྔ་འདོན་གྱིས། ཏོག་དབྱིབས་ནད་ཡམས་ཀྱི་གནོད་འཚེ་ཚབ་ཆེ་ཕོག་ཡུལ་དང་འགྲོ་འདུག་མཁས་པོའི་རྒྱལ་ཁབ་རིགས་གཉིས་ཀྱི་དབྱེ་བ་བཀར་ཏེ། ཡོ་སྒོར་ཐེར་འབུམ་༣༩༠་ཨི་ཏྲ་ལི་དང་། སི་པན་གཙོས་པའི་གནོད་ཐེབས་རྒྱལ་ཁབ་ཁག་ལ་གནང་སྦྱིན་སྩལ་རྒྱུ་དང་། དེ་མིན་གྱི་ཡོ་སྒོར་ཐེར་འབུམ་༣༦༠་ཡོ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ཚོར་སྐྱེད་ཀ་ཆུང་ཆུང་གི་ཐོག་ནས་བུ་ལོན་གཡར་རྒྱུ་བཅས་ཐག་གཅོད་བྱུང་ཡོད་པར། འདི་ཚེས་༢༢་ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དགའ་བསུའི་གསུང་འཕྲིན་ཕེབས་ཡོད་ཅིང་། དེའི་ནང་“ཡོ་རོབ་ཀྱི་དབུ་ཁྲིད་ཚོས་ནད་ཡམས་ཀྱིས་དཔལ་འབྱོར་ཉམས་ཉེས་ཤོར་པ་སླར་གསོ་ཡོང་ཆེད། དཀའ་གནད་ཆེ་ཤོས་ཤིག་གི་ཐོག་གྲོས་བསྡུར་ཐག་གཅོད་ཀྱི་འབྲས་བུ་སྨིན་པ་ཤེས་པར་བློ་སྟོབས་འཕེལ་གཞིར་གྱུར་ཅེས་དང་། ད་ལན་ཡང་ཡོ་རོབ་མཉམ་འབྲེལ་གྱིས་ཐུན་མོང་གི་ཁེ་ཕན་ཆེད་ཚང་མས་ཁུར་མཉམ་ལེན་གནང་རྒྱུ་གལ་ཆེན་ཡིན་པ་གསལ་སྟོན་དང་། དཀའ་ངལ་ཆེ་མིན་ལ་མ་བལྟོས་པར་གྲོས་བསྡུར་དང་ནང་འགྲིག་བརྒྱུད། བཀུར་འོས་དབུ་ཁྲིད་ཚོས་གྲོས་མཐུན་བཞག་ཐུབ་པ་བྱུང་བ་འདིས། རྣམ་ཀུན་ཚོར་བའི་དབང་དུ་ཤོར་ཏེ་ཡོ་འཁྱོམས་ཅན་གྱི་འཛམ་གླིང་འདིར། ཤེས་རབ་དང་སྒམ་བརླིང་གི་ཐབས་ལམ་ཞིག་བསྟན་ཡོད་ཅིང་། ངོས་ནས་ཡོ་རོབ་ཀྱི་དབུ་ཁྲིད་ཚོར་ད་ལན་གྱི་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ནམ་རྒྱུན་ལབ་བསྡད་པ་ལྟར། ཡོ་རོབ་མཉམ་འབྲེལ་གྱི་སྙིང་སྟོབས་ལ་ཡི་རངས་ཆེན་པོ་ཡོད་པ་བསྐྱར་ནན་གྱིས་བརྗོད་འདོད་བྱུང་བ་མ་ཟད། ཡོ་རོབ་ཀྱི་དབུ་ཁྲིད་རྣམ་པས་འབྱུང་འགྱུར་ཀྱང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་དང་། གོ་ལའི་ཚ་དྲོད་རྒྱས་པའི་དཀའ་ངལ་བཅས་ཚུད་པའི་གནད་དོན་གཞན་གྱི་ཐོག་གོ་བསྡུར་སྐབས། འབྲས་བུ་ལེགས་པོ་སྨིན་ཐུབ་པར་ངོས་ནས་རེ་བ་བྱེད་ཀྱི་ཡོད། ངོས་ནས་ཡོ་རོབ་མཉམ་འབྲེལ་བརྟན་པོ་དེ་ནི་གཞན་ལ་བློ་སྟོབས་ཡོང་གཞི་དང་མིག་དཔེ་བལྟ་ས། རྗེས་སུ་ཞུགས་དགོས་པ་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་ཅེས་”ཅེས་བཀའ་གནང་ཡོད་པ། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཡོ་རོབ་མཉམ་འབྲེལ་མངའ་ཁོངས་ཀྱི་རྒྱལ་ཁབ་ཉི་ཤུ་རྩ་བདུན་གྱིས་རྒྱལ་སྤྱིའི་ཁྲོམ་ར་ནས་སྒོར་མོ་གཡར་ཏེ། ཡོ་རོབ་སྒོར་མོ་ཐེར་འབུམ་༧༥༠་རོགས་སྐྱོར་དང་དངུལ་བུན་གྱི་ཚུལ་དུ་གཏོང་འཆར་ཡོད་པ་རྣམས། རོགས་དངུལ་དང་བུ་ལོན་ལེན་མཁན་གྱི་རྒྱལ་ཁབ་ཁག་གིས། སྒོར་མོ་བེད་སྤྱོད་ལོག་པར་མི་འགྲོ་བར་ཁག་ཐེག་དང་། ལས་འཆར་དག་ཡོ་རོབ་མཉམ་སྦྲེལ་ལྷན་ཚོགས་སུ་ཕུལ་དགོས་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།