རྒྱལ་ཚོགས་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་དམིགས་བསལ་ལྷན་ཚོགས་དགོས་བའི་འབོད་སྐུལ།

2020-06-29
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེང་གེ་ལགས།
སྲིད་སྐྱོང་བློ་བཟང་སེང་གེ་ལགས།
tibet.net

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་དམིགས་བསལ་ལྷན་ཚོགས་ཤིག་གནང་དགོས་པ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འབོད་སྐུལ་གནང་འདུག
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ། ཉེ་ལམ་སྤྱི་ཚེས་༢༦་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཆེད་མཁས་པ་ཚོས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ཐོག་ཛ་དྲག་གི་ལྟ་ཞིབ་བྱེད་དགོས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱ་ནག་ནང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ལྷག་པར་བོད་དང་ཤིན་ཅིང་ནང་ཆོས་ལུགས་དང་གྲངས་ཉུང་མི་རིགས་ལ་དྲག་གནོན་ཚབ་ཆེན་བྱེད་བཞིན་པར་སེམས་འཚབ་ཡོད་པ་བཅས་གསལ་སྟོན་གནང་ཡོད་ཅིང་། དེ་ལ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་“རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་དམིགས་བསལ་ལྷན་ཚོགས་ཤིག་སྐོང་ཚོགས་གནང་དགོས་པའི་འབོད་སྐུལ་གནང་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་དོན་དངོས་མཁྱེན་རྟོགས་བྱུང་བ་བཞིན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་མུས་ཀྱི་བྱ་སྤྱོད་དེས་འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པ་དང་ཆབས་ཅིག རྒྱལ་སྤྱིར་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཏུ་འགྱུར་གཞིར་སྣེ་ཁྲིད་བཞིན་པ་རེད། བོད་མིའི་སྒྲིག་འཛུགས་དང་བོད་ཕྱི་ནང་གི་བོད་མི་ཚོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་རྣམས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར། ཛ་དྲག་གིས་གདོང་ལེན་དགག་བྱ་དགོས་པའི་འབོད་སྐུལ་བྱས་པར་རྒྱབ་སྐྱོར་ཤུགས་ཆེ་བྱེད་ཀྱི་ཡོད་”ཅེས་གསུང་ཡོད་པ་རེད།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཀྱང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་ཚོས་རྒྱལ་ཚོགས་ཀྱི་འཐུས་མི་ཚང་མས་རྒྱ་ནག་དང་འབྲེལ་ལམ་སྐབས། ཐོག་མར་ངེས་པར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ནན་པོ་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད་པ་དེ་རིགས། རྒྱལ་ཚོགས་རང་གི་ཐོག་ནས་རྒྱ་ནག་ལ་ལབ་ཐུབ་ན་ནུས་པ་ཆེན་པོ་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ད་རེས་ཆེད་མཁས་པ་ཚོས་རྒྱ་ནག་རང་གི་ཐོག་འགྲོ་བ་མིའི་ཐོབ་ཐང་སྟངས་འཛིན་གྱི་དམིགས་བསལ་སྙན་སྒྲོན་པ་ཞིག་དགོས་ཀྱི་འདུག་ཅེས་པ་དེ་ཧ་ཅང་གནད་འགག་རེད། དེ་ལམ་ལྷོང་ལག་བསྟར་བྱ་ཐུབ་ན་འགྲོ་བ་མིའི་ཐོབ་ཐང་གི་ལས་ཀ་བྱེད་མཁན་ཚོར་ཡིད་ཆེས་གསར་པ་རྙེད་པར་ཡང་ཕན་གྱི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དེ་ཚོས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག་དམིགས་བསལ་ལྷན་ཚོགས་གནང་སྟེ། རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་སྐུ་ཚབ་ཀྱིས་ཆེད་མཁས་པ་བསྐོ་བཞག་གིས། རྒྱ་ནག་སྤྱི་དང་ཁྱད་པར་ཧོང་ཀོང་དང་། ཤིན་ཅིང་། བོད་བཅས་ཀྱི་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་ལྟ་རྟོག་དང་དབྱེ་ཞིབ། ལོ་རེ་བཞིན་སྙན་ཐོ་འདོན་དགོས་པ་སོགས་འབོད་སྐུལ་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།