བཙན་བྱོལ་ནང་གི་བོད་མི་སྒྱུ་རྩལ་བ་ཁག་ཅིག་གིས་དིང་རིའི་ས་ཡོམ་གྱི་གོད་ཆགས་ཐད་གདུང་སེམས་མཉམ་སྐྱེད་ཞུས་འདུག

བཙན་བྱོལ་ནང་གི་བོད་མི་སྒྱུ་རྩལ་བ་ཁག་ཅིག་གིས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་པར་གདུང་སེམས་མཉམ་སྐྱེད་ཀྱི་གླུ་གཞས་ཞིག་ཟླ་བ་འདིའི་སྤྱི་ཚེས་༡༠ཉིན་འགྲེམས་སྤེལ་གནང་རྒྱུ་ཡིན་པ་དང་། མཚོན། བོད་ཕྱི་ནང་གཉིས་ནས་དིང་རིར་གདུང་སེམས་མཉམ་སྐྱེད་གནང་བཞིན་པ་དང་། གླུ་གཞས་དེ་འགྲེམས་སྤེལ་གནང་མཁན་རྩམ་པ་རོལ་དབྱངས་རུ་ཁག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན། དིང་རིར་ས་ཡོམ་རིམ་པ་ ༧.༡ ཅན་ཞིག་བྱུང་བར། བཙན་བྱོལ་བོད་མིའི་གླུ་གཞས་སྒྱུ་རྩལ་པ་ཁག་ཅིག་མཉམ་འབྲེལ་གྱིས་“དིང་རི་ལ་བཏེགས་པའི་སེམས་” ཞེས་པའི་རོལ་དབྱངས་ཤིག་བརྙན་ཕབ་ཞུས་ཏེ་གནོད་འཚེ་ཕོག་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་བཀོད་འདུག
བོད་ཀྱི་གླུ་གཞས་སྒྱུ་རྩལ་བ་བཀྲས་ཆུང་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཉེ་ཆར་བཞུགས་སྒར་རྡ་རམ་ས་ལ་ནས་གསར་ཏུ་བཙུགས་པའི་རྩམ་པ་རོལ་དབྱངས་རུ་ཁག་གིས་གོ་སྒྲིག་འོག་བཙན་བྱོལ་ནང་གི་བོད་ཀྱི་གླུ་པ་དང་གླུ་མ་རྣམས་མཉམ་རུབ་ཀྱི་དིང་རི་ལ་གདུང་སེམས་མཉམ་སྐྱེད་ཀྱི་གླུ་གཞས་ཞིག་བཟོས་ཡོད་པ་དེ་རིང་མིན་སྤྱི་ཟླ་༢ཚེས་༡༠ཉིན་འགྲེམ་སྤེལ་གནང་རྒྱུ་ཡིན་པ་དང་། གླུ་གཞས་ཀྱི་ནང་དོན་གཙོ་བོ་དིང་རིའི་ས་ཡོམ་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་བསྔོ་བ་སྨོན་ལམ་དང་། ང་ཚོ་ས་ཐག་རིང་པོ་ཡོད་ཀྱང་བཙན་བྱོལ་ནང་ནས་སྙིང་ཁུངས་རུས་པའི་སྟེང་ནས་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་པ་དེ་ཡིན་ཞེས་གསུངས་བྱུང་།
རྩམ་པ་རོལ་དབྱངས་རུ་ཁག་གིས་གོ་སྒྲིག་འོག་སྤྱི་ཟླ་༢ཚེས་༡༠ཉིན་འགྲེམ་སྤེལ་བྱེད་རྒྱུའི་དིང་རིའི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གླུ་གཞས་དེ་ནི་བཙན་བྱོལ་ནང་གི་བོད་ཀྱི་གླུ་པ་གྲགས་ཅན་བཀྲས་ཆུང་ལགས་དང་། ཚེ་རིང་འགྱུར་མེད་ལགས་དང་ཕུར་བུ་རྣམ་རྒྱལ་ལགས། པ་སངས་ལྷ་མོ་ལགས་སོགས་ཨ་རི། ཁེ་ན་ཌ། ཧྥ་རན་སི། རྒྱ་གར་དང་བལ་ཡུལ་བཅས་ནས་གླུ་བ་གླུ་མ་བཅུ་གཉིས་ནས་ཆ་ཤས་བླངས་ཡོད་པ་དང་། བོད་ཀྱི་བུད་མེད་སྙན་ངག་པ་དང་བྱིས་སྒྲུང་རྩོམ་པ་པོ་ཉི་མ་འཚོ་ལགས་ཀྱིས་གཞས་ཚིག་བརྩམས་པ་སོགས་བཙན་བྱོལ་བོད་མིའི་སྒྱུ་རྩལ་བ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་ཅིང་། འདིས་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་རིགས་གཅིག་སྤུན་མཆེད་ཚོར་སྐྱིད་སྡུག་མཉམ་མྱོང་གི་སེམས་ངོ་སྟོན་ཐབས་ཤིག་དང་། རེ་བ་དང་མཐུན་སྒྲིལ་གྱི་བརྡ་ལན་ཞིག་མཚོན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཀོད་འདུག
སྤྱི་ལོ་ ༢༠༢༥ ལོའི་སྤྱི་ཟླ་ ༡ ཚེས་ ༧ ཉིན། དེང་སྐབས་རྒྱ་ནག་གཞུང་གིས་བཅད་འགོས་བྱས་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་ ༧.༡ ཅན་ཞིག་བྱུང་ནས། ཉུང་མཐར་ཡང་མི་ ༡༢༦ རྐྱེན་ལམ་དུ་ཤོར་བ་དང་མི་ ༣༣༨ ལ་རྨས་སྐྱོན་ཕོག་པ་སོགས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེན་བྱུང་བར། བོད་ས་ཁུལ་གང་ས་ནས་དང་བླངས་བ་ཧ་ཅང་མང་པོ་ས་གནས་སུ་བསྐྱོད་ནས་རོགས་སྐྱོར་བྱས་ཡོད་ལ། དེ་བཞིན་བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ་སོགས་མང་པོ་ཞིག་ནས་ཀྱང་སྒྱུ་རྩལ་གྱི་ལམ་ནས་དིང་རི་གདུང་སེམས་མཉམ་སྐྱེད་གནང་ཡོད་པའི་ཁོངས་སུ། བོད་ཀྱི་རྩོམ་པ་པོ་འཇུ་སྐལ་བཟང་ལགས་ཀྱིས་ཚིག་བརྩམས་ཤིང་། བོད་ཀྱི་གླུ་པ་གྲགས་ཅན་ཤེར་བསྟན་ལགས་ཀྱིས་བླངས་བའི་གླུ་གཞས་༼སྐྱོ་གཞས་སྤུན་ཟླའི་སེམས་གསོ།༽ཞེས་བ་དང་། བོད་ནང་གི་རྩོམ་པ་པོ་འབྲོང་ངམ་འབྲུག་ལྷ་རྒྱལ་ལགས་ཀྱིས། ༼ངའི་དིང་རི་བ། ཞེས་པའི་སྙན་ངག་ཞིག་བརྩམས་ནས་གྱེར་འདོན་གནང་བ། གཞན་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་རྨ་འོད་ལགས་ཀྱིས་ཚིག་བརྩམས་ཞིང་། བོད་ཀྱི་གླུ་པ་གྲགས་ཅན་གངས་ཅན་པ་སྒྲོལ་མ་སྐྱབས་ལགས་ཀྱིས་བླངས་བའི་༼སྡུག་ཞེ་རྩ་དཔའ་དགོས་དིང་རི་བ།༽ཞེས་དང་། དེ་མིན་བོད་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་བ་ཨོ་ལོ་ལགས་ཀྱིས་ཀྱང་དིང་རིར་གདུང་སེམས་མཉམ་སྐྱེད་ཆེད་༼སྨོན་ལམ།༽ཞེས་པའི་གཞས་མ་གཏམ་ཞིག་བླངས་འདུག་པ་སོགས་བོད་ནང་གི་ཀྱི་རྩོམ་པ་པོ་དང་གླུ་པ་སོགས་ནས་སྒྱུ་རྩལ་གྱི་ལམ་ནས་དིང་རིར་གདུང་སེམས་སྐྱེས་གནང་ཡོད་པ་རེད།
ཉེ་སྔོན་དིང་རིང་ས་ཡོམ་གོད་ཆགས་བྱུང་འཕྲལ། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་ཆེན་རྣམས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དབུས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གོ་སྒྲིག་འོག་བཙན་བྱོལ་བོད་མི་གནས་ཡུལ་འཛམ་གླིང་ས་ཕྱོགས་གང་ས་ནས་དིང་རིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་སོགས་གནང་ཡོད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།