ཉག་ཆུ་རྫོང་གི་རི་མགོའི་ཤིང་ནགས་ཁྲོད་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་ནས་མེ་གསོད་མ་ཐུབ་པར་ཉིན་གྲངས་གསུམ་ཙམ་འགྲོ་བཞིན་ཡོད་འདུག

2025.02.04
ཉག་ཆུ་རྫོང་གི་རི་མགོའི་ཤིང་ནགས་ཁྲོད་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་ནས་མེ་གསོད་མ་ཐུབ་པར་ཉིན་གྲངས་གསུམ་ཙམ་འགྲོ་བཞིན་ཡོད་འདུག ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཚོའི་རི་མགོའི་ཤིང་ནགས་དུ་མེ་སྐྱོན་ཤོར་བཞིན་པ། ཕྱི་ལོ་ ༢༠༢༥། ༢། ༣ ཉིན།
མི་སེར་གྱི་འདྲ་པར།

ཟླ་ ༢ ཚེས་ ༢ ཉིན་གྱི་བོད་ནང་གི་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཚོའི་རི་མགོའི་ཤིང་ནགས་ཁྲོད་གློ་བུར་མེ་སྐྱོན་ཤོར་ཡོད་པ་དང་། མེ་སྐྱོན་ཤོར་ཡུལ་མོ་ཙེ་སྡེ་བའི་ (གནས་ཚུལ་མཁོ་སྤྲོད་པའི་ཁ་སྐད་བཞིན་བྲིས། དག་ཆ་དངོས་གནས་དེ་རྙེད་སོན་མ་བྱུང་།) རི་མགོའི་ཤིང་ནགས་ཁྲོད་ཡིན་པ་དང་། མེ་སྐྱོན་ཤོར་ཡུལ་དང་ཐག་ཉེ་ཁུལ་དུ་གྲོང་ཚོ་མང་པོ་མེད་ན་ཡང་། མེ་སྐྱོན་དེ་གྲོང་ཚོའི་ཉེ་འདབས་སུ་བསླེབས་ཡོད་པ་མ་ཟད། རི་ངོས་སུ་ཡོད་པའི་དུད་ཁྱིམ་ཁག་ཅིག་ཉེན་ཁའི་གནས་སུ་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ངོས་ནས་མེ་གསོད་མཁན་ཆེད་གཏོང་བྱས་ཡོད་ན་ཡང་། རི་མགོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡིན་སྟབས། ཕྱི་ཚེས་ ༤ ཉིན་མེ་སྐྱོན་ད་དུང་གསོད་མ་ཐུབ་པར་འབར་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་ཉག་ཆུ་རྫོང་གསར་འགྱུར་ལྟེ་གནས་ཞེས་པའི་སྐད་འཕྲིན་འཕྲིན་སྟེགས་ཤིག་ཏུ། ཉག་ཆུ་རྫོང་དུ་མེ་སྐྱོན་བྱུང་སྟེ་མེ་གསོད་རུ་ཁག་ཆེད་གཏོང་གིས་མེ་སྐྱོན་གསོད་བཞིན་ཡོད་ལ། ད་ལྟའི་ཆར་མེ་སྐྱོན་རྐྱེན་གྱིས་མི་མང་ལ་ཉེན་ཁ་མེད་སྐོར་དང་མེ་སྐྱོན་ཁྲོད་ཤི་རྨས་སོགས་ཀྱི་གནས་ཚུལ་མེད་སྐོར་བཀོད་འདུག་པ་ལས། མེ་སྐྱོན་དེ་དག་ག་འདྲ་ཤོར་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མི་འདུག སྤྱིར་ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས། ལོ་ལྟར་མེ་སྐྱོན་གྱི་གནས་ཚུལ་ཐོན་གྱི་ཡོད་པ་རེད་ལ། ས་གནས་ཡུལ་མི་མང་དག་ཅིག་ནས་མེ་སྐྱོན་དེ་རིགས་རྒྱ་ནག་གཞུང་གིས་ཤིང་ནགས་དབོར་འདྲེན་ཆེད་བྱེད་བཞིན་པའི་དོགས་གཞི་ཡོད་མཁན་ཡོད་པ། ཕྱི་ལོ་ ༢༠༢༣ ལོ་ཡུལ་དེར་མེ་སྐྱོན་དང་འབྲེལ་ས་གནས་འབྲེལ་ཡོད་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ཉག་ཆུ་རྫོང་གི་རི་མགོའི་ཤིང་ནགས་ཁྲོད་དུ་ལོ་བསྟུན་མར་མེ་སྐྱོན་ཤོར་དེ་ཛ་དྲག་གི་གནས་སྟངས་ཐེངས་ཁ་ཤས་ལ་བྱུང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ ནང་ཡུལ་དེའི་མགར་ར་གྲོང་ཚོའི་རི་ངོས་སུ་མེ་སྐྱོན་ཤོར་དེ། གྲོང་ཚོའི་དུད་ཁྱིམ་ཁག་ཅིག་མེས་འཚིག་སྟེ་ཡུལ་མིའི་རྒྱུ་ནོར་ལ་གྱོང་གུད་དང་། བདུན་ཕྲག་གཉིས་ཙམ་རིང་མེ་གསོད་མ་ཐུབ་པར་ལྷག་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་བསྐྱར་དུ་ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་གྱི་རི་ངོས་སུ་མེ་སྐྱོན་ཤོར་དེ་བདུན་ཕྲག་གཅིག་རིང་གསོད་མི་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༢༣ ལོར་ཡུལ་དེའི་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎