རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པར་དམ་དྲག་གི་གནས་སྟངས་ཇེ་སྡུག་རེད།


2018-01-30
Share
བྷེ་བྷེ་སེ་(BBC)གསར་ལས་ཁང་གི་གསར་འགོད་པར་དམ་དྲག བྷེ་བྷེ་སེ་(BBC)གསར་ལས་ཁང་གི་གསར་འགོད་པར་དམ་དྲག
BBC

རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པའི་ལས་ཀའི་གནས་བབས་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་པའི་སྙན་ཐོ་བཏོན་འདུག
དེ་ཡང་རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ལོ་སྔོན་མ་༢༠༡༧་ལོར་རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པས་ལས་དོན་གཉེར་བཞིན་པའི་སྐབས་སུ་བཀག་ཉར་བྱེད་པ་དང་རྡུང་རྡེག་བཏང་བ་སོགས་སུན་གཙེར་ཆེན་པོ་བཟོས་ཡོད་པ་བརྗོད་པའི་ནང་། རྒྱ་ནག་ནང་ཕྱི་རྒྱལ་གྱི་གསར་འགོད་པ་༡༠༠ལྷག་ཙམ་ལ་བསམ་ཚུལ་བསྡུ་ལེན་བྱས་པའི་བརྒྱུད་ཤེས་རྟོགས་བྱུང་བ་གཞིགས་ན། ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་གསར་འགྱུར་ལས་དོན་གཉེར་བཞིན་པའི་སྐབས་སུ། རྒྱ་གཞུང་གི་མི་སྣས་ཐེ་བྱུས་བྱས་ནས་ལས་ཀ་ལ་བར་ཆད་བཏང་ཡོད་པ་བརྗོད་འདུག དེ་དག་དཀའ་ངལ་འཕྲད་བཞིན་པའི་ནང་ནས་གསར་འགོད་པ་བརྒྱ་ཆ་༢༣ལ་ས་གནས་སུ་འགྲོ་བསྐྱོད་མི་ཆོག་པའི་བཀག་སྡོམ་ནན་མོ་དང་བརྒྱ་ཆ་༨ཙམ་ལ་བཙན་ཤེད་ཀྱིས་རྡུང་རྡེག་ཕོག་པ་སོགས་བྱུང་འདུག
ད་དུང་བྷེ་བྷེ་སི་གསར་འགོད་པ་(Mathew Goddard) ཟེར་བ་ཁོང་ལ། མི་ཆ་མེད་རྒྱུས་མེད་ཞིག་གིས་ཁོང་གི་པར་ཆས་གཏོར་བཅོམ་བྱ་ཐབས་གནང་བ་མ་ཟད། ཁོང་ལ་འགྲམ་ཅག་བཞུས་སོང་བ་ཀྱང་བརྗོད་འདུག
གནད་དོན་དེ་དག་ལ་བརྟེན་ནས་སྤྱིར་རྒྱ་ནག་ནང་། མ་གཞི་ནས་ཕྱི་རྒྱལ་གྱི་གསར་འགོད་པའི་གནས་སྟངས་ཡག་པོ་མེད་པའི་ཁར། ད་དུང་གསར་འགོད་པའི་ལས་ཀའི་ཁོར་ཡུག་དེ་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་དཔང་རྟགས་ར་སྤྲོད་གནང་བ་རེད་བཅས་ཨི་ཕི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཕྱི་རྒྱལ་གྱི་གསར་འགོད་པའི་ལས་དོན་གཉེར་རྒྱུ་དཀའ་ཁག་ཆེ་རུ་འགྲོ་བཞིན་པའི་ནང་ནས་ལྷག་པར་དུ་རྒྱ་ནག་གིས་འབོད་པའི་ཤིན་ཅང་ས་ཁུལ་དུ་བསྐྱོད་མཁན་གསར་འགོད་པ་བརྒྱ་ཆ་༧༣ལ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཀྱིས་གསར་འགྱུར་བཀོད་སྤེལ་མི་ཆོག་པ་བཀག་བསྡོམས་བྱས་ཡོད་ལུགས་བརྗོད་འདུག
སྤྱིར་རྒྱ་ནག་གིས་རྒྱ་ནག་དེ་འཛམ་གླིང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་གཞི་རྩའི་སྲིད་ཇུས་ཤིག་ཡོད་པ་དང་། དེའི་ནང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐོབ་ཐང་སྲུང་སྐྱོབ་ཀྱང་ཚུད་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་མི་སུ་ལ་ཡིན་ན་ཡང་སྔོན་ནས་མོས་འཐུན་ཡོད་པའི་ཐོག་བཅའ་འདྲི་གནང་ཆོག་རྒྱུ་ཡིན་པ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གི་གཞུང་འབྲེལ་མི་སྣས་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་འདྲ་མིན་སྤྲོད་ཀྱི་ཡོད་པ་དང་། དེ་ཡང་གལ་སྲིད་རྒྱ་ནག་གི་སྐོར་གནས་ཚུལ་བཟང་བ་མང་ཙམ་བཀོད་སྤེལ་མ་བྱེད་ན། རྒྱ་ནག་ནང་གནས་སྡོད་ཆོག་པའི་ལས་ཀའི་མཐོང་མཆན་དེ་ཕྱིར་བསྡུ་བྱེད་རྒྱུའི་ཉེན་བརྡ་བཏང་བ་ཡང་མང་དུ་འགྲོ་གི་ཡོད་འདུག
གཞན་ཡང་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལྔ་ལ་མཐོང་མཆན་དུས་ཐོག་དུ་མ་སྤྲད་པ་དང་། ཡང་འགའ་ཤས་ལ་སྤྲད་ཀྱང་དུས་ཡུན་ཐུང་ཐུང་ནང་རྫོགས་འགྲོ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཕྲད་ཀྱི་ཡོད་འདུག དེ་མ་ཟད་རྒྱ་ནག་གི་ཕྱི་རྒྱལ་དུ་ཡོད་པའི་ཕྱི་འབྲེལ་མི་སྣ་ཚོས་འབྲེལ་ཡོད་གསར་འགྱུར་བརྒྱུད་ལམ་ཁག་ལ་གདེང་ཚོད་ལྡན་པའི་གནོད་ཤུགས་སྤྲོད་ཅིང་། རྒྱ་ནག་གི་སྐོར་གྱི་གསར་འགྱུར་འགའ་རེས་བརྫུས་མ་རེད་ཟེར་ནས་འབྲི་སུབ་གཏོང་དགོས་པ་བརྗོད་མཁན་ཡང་ཇེ་མང་དུ་འགྲོ་གི་ཡོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།