བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།

ཟླ་ ༢ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དམ་དྲག་གི་གནས་སྟངས་ལ་མ་བལྟོས་པར། རྩོམ་ཡིག་ལམ་ནས་མྱ་ངན་ཞུ་བ་དང་། རྒྱལ་ལོ་དོན་གྲུབ་མཆོག་གི་པར་རིས་དང་ཕོ་བྲང་པོ་ཏ་ལ། དེ་བཞིན་མཆོད་མེ་པར་རིས་དང་སོགས་དྲ་ལམ་དུ་སྤེལ་ནས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་གནང་གི་འདུག་ལ། བོད་མི་ཞིག་ནས་རྒྱལ་ལོ་དོན་གྲུབ་མཆོག་གི་པར་རིས་དང་མཉམ་དུ། གངས་ཀྱི་བུ་རིགས་ཀྱི་དཔའ་བོ། མྱ་ངན་ཞུ། སྤར་ཡང་བོད་དུ་བྱོན་པར་སྨོན་དང་། ཡང་བོད་མི་གཞན་ཞིག་ནས་ལོ་རྒྱུས་ཀྱི་དཔང་བོ་དང་། མི་རིགས་ཧྲིལ་བོ་ཞིག་གི་བདེན་དོན་ཁུར་བའི་རིགས་ཀྱི་གཅེན་པོ་ལགས་སོགས་མང་དག་ཅིག་སྤེལ་བཞིན་པ་མཐོང་རྒྱུ་འདུག
བོད་མི་ཁག་ཅིག་ནས་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཡིག་ཁག་ཅིག་བྲིས་པའི་ནང་། བོད་མི་ཞིག་ནས་ཕྱག་ན་པད་མོའི་ཕྱག་ན་འཇུ་བའི་པདྨ་དཀར་པོ་ཁྱོད་ཉིད་ཡིན།། གངས་དཀར་འདབ་མ་གངས་ནས་མཆེད་པའི་གངས་ལྷ་མེ་ཏོག་ཁྱོད་ཉིད་ཡིན།། གདོང་དམར་དུ་ཁ་གདོང་གིས་བསུ་བའི་གདོང་ལེན་ཕོ་རྒོད་ཁྱེད་ཉིད་ཡིན།། རེ་བ་སྟོང་གི་རེ་བ་གནང་མཁན་དོན་ཀུན་འགྲུབ་པ་ཁྱོད་ཉིད་ཡིན། །ཞེས་དང་། ཡང་བོད་མི་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་ཞིག་ནས་སྙན་ངག་ལམ་ནས། སྟོབས་ཀྱིས་འགྱིང་བའི་གངས་རི་ལྡེམ་ཙམ་བྱུང་། ལྷོད་ཀྱིས་ཆགས་པའི་མཚོ་མོ་རབ་ཅིག་ཐག། མཚན་སྨག་རིམ་པ་དགུ་ཡི་བར་སྣང་དུ།། འབྲོང་རྒོད་རུ་ཐུར་རྩེ་ཡི་མེ་སྟག་མཆེད།། ཁུལ་ཁམས་སྐྱ་བོ་ཡུག་ཅིག་ཚག་ཚག་སྲེག་ཅེས་སོགས་བྲིས་པ་མཐོང་རྒྱུ་འདུག
གཞན་ཡང་བོད་མི་མང་པོས་ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་གཅེན་པོའི་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ཐོག་དབུ་བཞུགས་དང་འབྲེལ། ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་འདས་གྲོངས་ཕྱིན་པ་རེད། ཁོང་ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་ཡོད་པ་རེད་ཅེས་པའི་གསུང་དུམ་ཁྱབ་སྤེལ་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བདེན་ཚིག་སྨོན་ལམ་ཁྲོད་ཀྱི་བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།། སོགས་ཕོ་བྲང་པོ་ཏཱ་ལའི་པར་རིས་དང་། མཆོད་མེ་པར་རིས་སོགས་མཉམ་དུ་སྤེལ་བཞིན་འདུག་ལ། གདུང་སེམས་ཆེན་པོས་མྱ་ངན་ཞུ་དང་། སླར་ཡང་བོད་དུ་སྐྱེས་བར་ཤོག དེ་བཞིན་བདེ་བར་གཤེགས་ཤིག་སོགས་ཀྱི་མྱ་ངན་གྱི་ཚིག་མང་དག་ཅིག་སྤེལ་བཞིན་འདུག
༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༥།༤༠ ཙམ་དང་། དགུང་གྲངས་ ༩༧ ཐོག་ཁོང་གི་བཞུགས་གནས་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམ་ཤག་ཏུ་དགོངས་པ་རྫོགས་ཡོད་པ་རེད་ལ། བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་བགྲེས་ཤོས་གཉིས་པ་དེ་ཡིན་ཞིང་། ཁོང་ནི་བོད་ནང་གི་བོད་པའི་ཆབ་སྲིད་དང་། སྤྱི་ཚོགས་ལམ་ལུགས་ལ་བསྒྱུར་བ་གཏོང་རྒྱུ། བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་ཆེད་དྲག་པོའི་རོགས་རམ་འཚོལ་སྒྲུབ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག རྒྱ་ནག་པེ་ཅིང་གཞུང་དང་ཞི་མོལ་འགོ་འཛུགས། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་འཐབ་རྩོད་སོགས་ཀྱི་ནང་དུས་སྐབས་མི་འདྲ་བ་སོ་སོར་འབད་བརྩོན་དང་ཐུགས་འགན་རྐང་བཞེས་གནང་མཁན་གྱི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་པ་རེད། །
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།