བོད་མ་ཤོར་སྔོན་གྱི་བོད་གཞུང་གི་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགོངས་པ་རྫོགས་འདུག

2022-01-14
Share
བོད་མ་ཤོར་སྔོན་གྱི་བོད་གཞུང་གི་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས་དགོངས་པ་རྫོགས་འདུག དེ་སྔའི་བོད་གཞུང་གི་གཞུང་ཞབས་ཟུར་པ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས།
File Photo

དེ་སྔ་བོད་གཞུང་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཀྱིས་ཞབས་ཞུ་ཡུན་རིང་བསྒྲུབ་མཁན་གཞུང་ཞབས་ཟུར་པ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ལགས། ཕྱི་ཟླ་དང་པོའི་ཚེས་༡༢་རེས་གཟའ་ལྷག་པའི་ཉིན་དགུང་གྲངས་༡༠༣་ཐོག་ཨ་རིའི་གྲོང་ཁྱེར་ནེའུ་ཇར་སིའི་གཟིམ་ཤག་ཏུ་དགོང་མོའི་ཕྱག་ཚོད་༢་པའི་ཐོག་དགོངས་པ་རྫོགས་འདུག
ཚེས་༡༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་བཀའ་ཤག་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་མྱ་ངན་གུས་འདུད་མཚོན་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། སྲིད་སྐྱོང་མཆོག་གིས་དམ་པ་དེའི་ཤུལ་ལུས་ནང་མི་བུ་ཕྲུག་རྣམས་ལ་ཐུགས་གསོ་གནང་བ་མ་ཟད། དམ་པ་ཁོང་གི་ལོ་རྒྱུས་ལ་རྗེས་དྲན་གནང་སྟེ། དམ་པ་ཁོང་ནི་བོད་རང་བཙན་སྐབས་ཀྱི་གཞུང་ཞབས་རྩེ་དྲུང་མི་རབས་མཐའ་མ་དེ་ཡིན་ཞིང་། གནས་སྟངས་དེ་འདྲར་བརྟེན་ནས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་དབུས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཁོང་གིས་བོད་སྡེ་པ་གཞུང་དང་། བཙན་བྱོལ་དུ་འབྱོར་རྗེས་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གཙོས་པའི་བོད་མི་འདུས་སྡོད་ས་གནས་མང་པོའི་ནང་ཞབས་ཞུ་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། ཁོང་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ལ་སྐྱེ་བའི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
རྒྱལ་མཚན་ཆོས་ལྡན་ལགས་ནི། ༡༩༢༠་ལོར་མལ་གྲོ་གུང་དཀར་སྲིབ་ན་བྱང་མ་རུ། ཕ་བྱང་ཆུབ་ཕུན་ཚོགས་ལགས་དང་མ་སྐལ་བཟང་སྒྲོལ་མ་ལགས་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ༡༩༣༠་ཐམ་པའི་ལོར་ལྷ་སར་སློབ་གྲྭར་བསྐྱོད་པ་དང་། ༡༩༣༥་ལོར་གདན་ས་ཆེན་པོ་བཀྲིས་ལྷུན་པོར་ཞུགས་ཏེ་དཀྱིལ་ཁང་གྲྭ་ཚང་གི་མཚན་ཉིད་མཁན་པོ་དཀའ་ཆེན་འགྱུར་མེད་མཆོག་གིས་དྲུང་ནས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དང་དག་ཡིག་ངག་སྒྲོན་བཅས་ཀྱི་དཔེ་འཁྲིད་ཞུས་པ་དང་། དཀའ་ཆེན་པདྨ་མཆོག་གི་དྲུང་ནས་དག་ཡིག་དང་སུམ་རྟགས་དང་སྙན་ངག་ལེའུ་གཉིས་པ་དང་ལམ་རིམ་སོགས་ཀྱི་དཔེ་འཁྲིད་ཞུས་ཏེ། སྙན་སུམ་རིག་གནས་སོགས་ལ་སྦྱངས་བརྩོན་ལྷོད་མེད་གནས་ནས། ༡༩༤༣་ལོར་ལྷ་སའི་རང་ཤག་ཏུ་སློབ་ཕྲུག་བརྒྱ་དང་ལྔ་བཅུ་ལྷག་གི་སློབ་གྲྭ་ཞིག་གསར་འཛུགས་གནང་བ་དང་། ༡༩༤༦་ལོར་རྩེ་དྲུང་དུ་བསྐོ་བཞག་བྱུང་སྟེ་། ༡༩༥༨་ལོར་སྐུ་སྒེར་མཛོད་སྦུག་གི་ལས་བྱ་དང་སྤྱན་བབས་ཕོ་བྲང་གི་ཁང་གཉེར་གཅིག་ལྕོགས་ཏུ་བསྐོ་བཞག་བྱུང་།
༡༩༥༩་ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་ཐོག་མར་གསོག་སྒར་དུ་ཞབས་ཕྱི་ཞུས། ༡༩༦༠་བོད་མིའི་རང་དབང་གསར་ཤོག་ཐེངས་དང་པོ་འགྲེམས་སྤེལ་མཁན་ཡིན་པ་དང་། ༡༩༦༤་ལོར་ཤེས་རིག་དྲུང་ཆེར་བསྐོ་བཞག་དང་༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་ཞུ་དག་དང་དཔར་བསྐྲུན་བཅས་ཞུས། ༡༩༦༧་ལོར་ལྡི་ལི་བོད་ཀྱི་དོན་གཅོད་ཁང་དུ་ནང་སྲིད་སྡེ་ཚན་གྱི་འགོ་འཛིན་དང་དངུལ་གཉེར་གཅིག་ལྕོགས་གནང་བ་དང་། ༡༩༦༩་ལོར་ནང་སྲིད་དྲུང་ཆེར་བསྐོ་བཞག་གནང་། ༡༩༧༦་ལོར་ཀོ་ལི་སྒར་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན་དུ་བསྐོ་བཞག་བྱུང་ཞིང་། ༡༩༨༠་ལོར་རྒྱ་གར་ལྷོ་ཕྱོགས་ལུགས་བཟུང་བསམ་གྲུབ་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན་དང་། ༡༩༨༢་ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་འགོ་འཛིན་གནང་། ༡༩༨༩་ལོར་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱིར་བསྐོ་བཞག་གནང་བ་བཅས། མི་ལོ་ལྔ་བཅུ་ང་སུམ་གྱི་རིང་། བོད་ཀྱི་གནས་སྟངས་དཀའ་ངལ་ཆེ་བའི་སྐབས་ཞབས་ཞུ་བསྒྲུབས་གནང་མཁན་ཞིག་ཡིན་ཞིང་། ༡༩༩༢་ལོར་གཞུང་ཞབས་བགྲེས་གཡོལ་དུ་ཕེབས་ཀྱང་ཞོར་དུ་རྒྱ་ནག་ཐབས་ཕྱོགས་གཅིག་གྱུར་ལས་ཁང་གིས། བོད་ལྗོངས་ཀྱི་བདག་དབང་གཏོགས་ཁོངས་ཟེར་བའི་ཡིག་ཆ་དེར། ལན་འདེབས་ཀྱི་ཕྱག་དེབ་བདེན་དོན་ནི་བསུབ་ཐབས་མེད་པའི་ར་སྤྲོད་བཙན་ཤོས་ཤིག་ཡིན་ཞེས་པ་དང་། བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་གཅིག་བཅས་རྩོམ་བྲིས་གནང་ཡོད་པ་རེད།
ཁོང་གི་བཟའ་ཟླ་བརྩོན་འགྲུས་བཟང་མོ་ལགས་དང་ཁོང་གཉིས་ལ་བུ་མོ་འཆི་མེད་ལྷ་མོ་ལགས་དང་། བུ་ཚེ་དབང་རྣམ་རྒྱལ་ལགས། བུ་མོ་ཚེ་རིང་དབྱངས་སྐྱིད་ལགས་བུ་ཕྲུག་གསུམ་ཡོད་པ་རེད་འདུག

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།