འཕྲོད་བསྟེན་སྨན་ཁང་ཁག་གིས་ཆོས་ཞུ་བར་ཞབས་ཞུ་སྒྲུབ་བཞིན་པ།


2017.01.04
རྡོ་རྗེ་གདན་གྱི་དགའ་ལྡན་བྱང་རྩེ་སྨན་ཁང་། ༢༠༡༧།༡།༣ རྡོ་རྗེ་གདན་གྱི་དགའ་ལྡན་བྱང་རྩེ་སྨན་ཁང་། ༢༠༡༧།༡།༣
མཐུན་འགྱུར་པར་རིས།

དུས་འཁོར་དབང་ཆེན་སྐབས་ནད་པའི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་པ་དང་མཉམ་དང་བླངས་འཕྲོད་བསྟེན་སྨན་ཁང་ཁག་གིས་ཆུ་ཚོད་ཉེར་བཞིའི་རིང་འཐུས་ཤོར་མེད་པར་ཞབས་ཞུ་སྒྲུབ་བཞིན་པ་རེད།
དེ་ཡང་འདི་གའི་གསར་འགོད་པས་རྡོ་རྗེ་གདན་ནས་གནས་ཚུལ་བཏང་བ་ལྟར་ན། རྒྱ་གར་གྱི་ནང་བའི་གནས་མཆོག་རྡོ་རྗེ་གདན་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་སྩལ་གནང་མཛད་བཞིན་པའི་ཐོག་བཅར་བའི་དད་ལྡན་ཆོས་ཞུ་བ་ཚོར་ཁོར་ཡུག་དང་། གནམ་གཤིས། ཟས་རིགས་སོགས་ཀྱི་རྐྱེན་པས་གྲོད་ཁོག་བཤལ་བ་དང་། ཆམ་པའི་ནད་རིགས་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་རུང་ད་ལྟའི་ཆར་དབུད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་ཀྱི་སྨན་རྩིས་ཁང་། སེར་བྱེས་འཕྲོད་བསྟེན་ཁང་། བོད་ཀྱི་བདེ་རྩ་སོགས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་སྨན་ཁང་ཁག་གིས་རིན་མེད་སྨན་སྦྱིན་དང་། དང་བླངས་སྨན་བཅོས་ཞབས་ཞུ་འཐུས་ཤོར་མེད་པར་བསྒྲུབ་བཞིན་ཡོད་འདུག
སེར་བྱེས་འཕྲོད་བསྟེན་སྨན་ཁང་གིས་ལས་བྱེད་དང་སྨན་པ་སོགས་ཁྱོན་མི་གྲངས་༢༨་ཙམ་གོ་སྒྲིག་གནང་འདུག་ལ་ཁྱོན་འགྲོ་སོང་ཧིན་སྒོར་འབུམ་༣༥་ཙམ་གཏོང་འཆར་ཡོད་སྐོར་སེར་བྱེས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་རྒན་བསྟན་འཛིན་ནོར་བུ་ལགས་ཀྱིས་ངོ་སྤྲོད་གནང་འདུག
རྡ་རམ་ས་ལར་རྟེན་གཞི་གནང་བའི་བོད་ཀྱི་བདེ་རྩ་ཚོགས་པས་བུད་མེད་སྨན་ཞབས་མ་ལྔ་གོ་སྒྲིག་གནང་སྟེ་བོད་ནས་གསར་དུ་འབྱོར་བ་དང་། རྒན་གོག་ཚོར་ཆུ་ཚོད་༢༤་རིང་སྨན་ཁང་དུ་འཁྲིད་རོགས་དང་། སྐད་བསྒྱུར། དེ་བཞིན་རྒན་གོག་ཚོར་སྣུམ་གྱི་བྱུག་པ་དང་ཁྲག་གི་ཞལ་འདེབས་སོགས་གནང་བཞིན་འདུག
བོད་ཀྱི་སྨན་རྩིས་ཁང་གིས་ཆོས་ཞུ་བ་རྣམས་ལ་བརྟག་དཔྱད་དང་སྨན་སྦྱིན་གནང་བཞིན་འདུག་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་མང་གི་འཕྲོད་བསྟེན་དང་ནད་རིམས་སྔོན་འགོག་གི་གོ་རྟོགས་སྤེལ་ཐབས་དང་། རིན་མེད་སྨན་བཅོས། ཁོར་ཡུག་གཙང་བཟོ་སོགས་ཀྱི་ཐུགས་འགན་བཞེས་བཞིན་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎