བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཚེས་༢༠ནས་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་ཁག་ལེགས་པར་གྲུབ་སྟེ།རྒྱ་གར་རྒྱལ་ས་ལྡི་ལི་གསར་པ་རུ་ཆིབས་བསྒྱུར་གྱིས། སྤྱི་ཟླ་༡ཚེས་༢༡ཉིན་རྒྱ་གར་གྱི་སྤྱི་མང་འཛིན་སྐྱོང་ལྟེ་གནས་ཁང་Indian Institute of Public Administration ནས་གསོལ་འདེབས་ཞུས་པ་ལྟར། ལྟེ་གནས་དེའི་འགན་འཛིན་ཟུར་པ་TN Chaturvedi ཞིང་གཤེགས་དམ་པ་ལ་རྗེས་དྲན་མཚོན་པར། བྱམས་བརྩེ་དང་གཞུང་འཛིན་བཟང་པོ་ཟེར་བའི་བརྗོད་གཞིའི་ཐོག། ༧གོང་ས་མཆོག་རྒྱལ་ས་ལྡི་ལིའི་ནང་གི་ལྟེ་གནས་ཁང་དེ་ལ་ཆིབས་བསྒྱུར་གྱིས། རྒྱ་གར་གཞུང་གི་གཞུང་ཞབས་ཟུར་པ་དང་སྲིད་སྐྱོང་ཟུར་པ་སོགས། གནད་ཡོད་མི་སྣ་བཞི་བཅུ་བརྒལ་བར་ལམ་སྟོན་གནང་སྐབས། ༧གོང་ས་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་རྒྱ་གར་གྱི་བྱམས་བརྩེ་དང་འཚེ་བ་མེད་པའི་བསམ་བློ་དེ། འཛམ་གླིང་སྤྱི་དང་བྱེ་བྲག་འགྲོ་བ་མིའི་རིགས་ལ་དགོས་མཁོ་ཆེན་པོ་ཆགས་ཡོད་པས། ངོས་ཀྱི་མི་ཚེ་ཧྲིལ་བོ་རྒྱ་གར་གྱི་བསམ་བློ་དེ་གཉིས་གོང་སྤེལ་གྱི་ཆེད་གཏོང་རྒྱུར་བློ་ཐག་བཅད་ཡོད་ཅེས་ལམ་སྟོན་གནང་གི་འདུག
ཡང་༧གོང་ས་མཆོག་གིས་མགོན་པོ་གང་ཉིད་སྐུ་ན་ཆུང་དུས་ནས་བཟུང་རྒྱ་གར་གྱི་ལྟ་གྲུབ་དང་ཚད་མ་རིག་པ་སློབ་གཉེར་གནང་ཡོད་པའི་ཤེས་བྱ་དེ་ཚོ་དངོས་ཡོད་ལག་ལེན་གྱི་ཐོག་ཕན་ཐོགས་ཆེན་པོ་འདུག་པས། རྒྱ་གར་ལ་ཡི་རང་ཆེན་པོ་གནང་གི་ཡོད་པ་བཀའ་སྩལ་དོན་ངོས་རང་བྱིས་པ་ལོ་ཆུང་གི་སྐབས་ནས་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་། ཚད་མ་རིག་པ་ལ་སློབ་གཉེར་བྱ་མགོ་བརྩམས་ཡོད་པ་དང་། རྗེས་སུ་ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་ཆགས་པ་ནས་བཟུང་ངོས་ཀྱི་མི་ཚེ་ཧྲིལ་བོ་རྒྱ་གར་དུ་བསྐྱལ་ཡོད་པར་བརྟེན། ངོས་ནས་རྒྱ་གར་ལ་ཧ་ཅང་གིས་ཡི་རང་ཆེན་པོ་བྱེད་ཀྱི་ཡོད། ཐོག་མར་ངོས་ནས་བསླབ་པའི་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་རིག་པ་དེ། རྒྱ་གར་དུ་སྐུ་མགྲོན་གྱིས་བསྡད་པའི་རྗེས།གཞི་ནས་ཤེས་བྱ་དེ་ཚོས་ནི་ཤེས་བྱ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་འབྱུང་གི་འདུག་པས། ཧ་ཅང་ངོ་མཚར་ཆེན་པོ་རེད་ཅེས་བཀའ་གནང་བ་དང་ཆབས་ཅིག་ཏུ། རྒྱ་གར་གྱི་མང་གཙོ་དང་ཆོས་ལུགས་མཐུན་སྒྲིལ། ཆོས་དང་མ་འབྲེལ་བའི་ལམ་སྲོལ་བཅས་ལ་བསྔགས་བརྗོད་ཕེབས་དོན་ད་ཆ་རྒྱ་གར་ནི་མང་གཙོའི་རིང་ལུགས་དང་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་གནས་ཀྱི་རྒྱལ་ཁབ་ཞིག་ཆགས་ཡོད་པ། དེ་བཞིན་ཆོས་དང་མ་འབྲེལ་བའི་ལམ་སྲོལ་བཅས་ནི་ཧ་ལས་པ་ཡག་པོ་རེད། ངོས་རང་བདག་ཉིད་ཆེན་པོ་གྷན་ངྷི་ལ་མཇལ་རྒྱུའི་བསྐལ་བ་མ་ལྡན་ནའང་། ཕྱིས་སུ་ཨིནྟྲཱ་གྷན་ངྷི་ལ་ཐུག་རྒྱུ་བྱུང་བ་མ་ཟད་པཎྜི་ཏ་ནེཧུ་རུ་མཆོག་དང་ཐེངས་མ་ཁ་ཤས་ཐུག་རྒྱུ་བྱུང་། དེ་བཞིན་ལཱལ་ལི་བྷཱ་ངྷུར་ཤཱསྟྲི་བཅས་ལ་ཐུག་རྒྱུ་བྱུང་སྟེ། རླབས་ཆེན་གྱི་དབུ་ཁྲིད་ཁོང་ཚོ་དང་མཇལ་མོལ་གྱིས་ངོས་རང་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཁོང་ཚོར་གུས་བརྩི་བཅོས་མིན་བྱུང་ཞེས་ལམ་སྟོན་གནང་གི་འདུག་ཅིང་།
རྗེས་དྲན་མཛད་སྒོ་འདི་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ནཱ་ཏྲ་ཀ་མངའ་སྡེའི་སྲིད་སྐྱོང་ཟུར་པ་དང་། རྒྱ་གར་གཞུང་གི་རང་སྐྱོང་སྡེ་ཚན་གྱི་ཁོངས་གཏོགས་སྤྱི་མང་འཛིན་སྐྱོང་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་Tirlok Nath Chaturvedi མཆོག་གི་རྗེས་དྲན་དུ་གོ་སྒྲིག་གནང་བ་ཞིག་ཡིན་པས། རྒྱ་གར་གྱི་གཟེངས་རྟགས་མཐོ་གྲས་པདྨ་ཝི་སྦུ་ཤན་བཞེས་མྱོང་བ། སྐུ་ཞབས་ཆཱ་ཏུར་ཝ་ཏི་མཆོག་གི་ནང་མི་ཉེ་འབྲེལ་མང་པོའང་མཛད་སྒོ་འདིར་ཆེད་དུ་བཅར་ཡོད་པ་དང་། སྐུ་ཞབས་ཁོང་ནི་སྤྱི་ལོ་༢༠༢༠དགུང་ལོ་༩༡སྟེང་དགོངས་པ་རྫོགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།