༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱེད་རྒྱུ་ནི་ངོས་ཀྱི་འོས་འགན་ཡིན་ཞེས་བཞུགས་སྒར་གྷ་གལ་གནམ་ཐང་དུ་བཀའ་སྩལ་གནང་སོང་།

2023.01.23
Share on WhatsApp
Share on WhatsApp
༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བྱེད་རྒྱུ་ནི་ངོས་ཀྱི་འོས་འགན་ཡིན་ཞེས་བཞུགས་སྒར་གྷ་གལ་གནམ་ཐང་དུ་བཀའ་སྩལ་གནང་སོང་། སྤྱི་ཟླ་༡ པོའི་ཚེས་༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་གྷ་གལ་གནང་ཐང་དུ་ཞབས་སོར་འཁོད་མ་ཐག་ཏུ་གསར་འགོད་པ་ཚོར་བཀའ་སློབ་སྩལ་བའི་སྐབས།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་གཅིག་ཙམ་རིང་གནས་མཆོག་རྡོ་རྗེ་གདན་གཙོས་པའི་རྒྱ་གར་རྒྱལ་ས་ལྡི་ལི་སོགས་ཀྱི་ནང་འགྲོ་བ་མི་སྤྱིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་པའི་རྗེས། སྤྱི་ཟླ་༡ པོའི་ཚེས་༢༣ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་སོང་ལ། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་གྷ་གལ་གནང་ཐང་དུ་ཞབས་སོར་འཁོད་མ་ཐག་ཏུ་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། འདས་པའི་ཟླ་བ་གཅིག་ལྷག་གི་རིང་རྒྱལ་ས་ལྡི་ལི་དང་གནས་མཆོག་རྡོ་རྗེ་གདན་དུ་མི་སྣ་མང་པོ་ཞིག་དང་ཐུགས་འཕྲད་ཀྱིས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་དང་མི་ཉམས་རྒྱུན་འཛིན་སོགས་དང་འབྲེལ་བའི་གནད་དོན་ཐོག་གླེང་མོལ་ཞུ་རྒྱུ་བྱུང་ལ། ལྷག་པར་དུ་གནའ་བོའི་རིག་གཞུང་བཟང་པོ་དེའི་ནང་ཡོད་པའི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་བཅས་གོང་འཕེལ་གཏོང་རྒྱུ་ནི་ངོས་ཀྱི་འོས་འགན་ཡིན་པ་མ་ཟད། ངོས་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་རིག་གཞུང་བཟང་པོ་དེ་དག་སླར་གསོ་བྱ་ཐབས་ཐོག་འབད་བརྩོན་བྱེད་མུས་ཡིན་ཞེས་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་གལ་གནད་སྐོར་གསུངས་དོན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་ད་ལྟའི་འཛམ་གླིང་ལ་ཤིན་ཏུ་དགོས་མཁོ་ཆེན་པོ་ཡིན་ཅིང་། རིག་གཞུང་བཟང་པོ་དེའི་བྱམས་སྙིང་རྗེའི་བསླབ་བྱ་དང་འཚེ་མེད་ཞི་བའི་ལྟ་གྲུབ་བཅས་ནི་འཛམ་གླིང་ཞི་བདེ་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་དང་། ལྷག་དོན་དུ་རྒྱ་གར་ནི་བརྟན་ལྷིང་དང་བདེ་འཇགས་ཡོད་པའི་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པས། ཧ་ཅང་གི་ཡག་པོ་འདུག་ཅེས་བཀའ་གནང་སོང་།

དེ་དང་ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས། ཕེབས་བསུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་སོགས་ཕེབས་བསུར་བཅར་འདུག་པ་མ་ཟད། གནམ་ཐང་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་བར་གྱི་ཕེབས་ལམ་གཡས་ཡོན་དུ་སེར་སྐྱ་ཕོ་མོ་བརྒྱ་ཕྲ་མང་པོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་བདུག་སྤོས་སོགས་བསྣམས་ཏེ། ཞབས་བྲོ་དང་གླུ་དབྱངས་ཀྱི་མཆོད་པ་འབུལ་བཞིན་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་།

སྐབས་དེར་༸གོང་ས་མཆོག་ལ་གནམ་ཐང་དུ་ཕེབས་བསུར་བཅར་བའི་ས་རཱ་མཐོ་སློབ་ཏུ་བོད་ཀྱི་ནང་ཆོས་དང་རིག་གནས་ཐོག་སློབ་གཉེར་གནང་བཞིན་པ་ཨ་རི་ནས་ཡིན་པའི་Sara Conrad ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གནམ་ཐང་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་གོ་ཐོས་བྱུང་བས། ཧ་ཅང་གི་སྤྲོ་པོ་བྱུང་། ད་རེས་མགོན་པོ་གང་ཉིད་མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་སྐབས། མིག་ཆུ་རང་དབང་མེད་པར་ཤོར་སོང་ལ། འདི་ནི་ངའི་མི་ཚེའི་ནང་དམིགས་བསལ་གྱི་དུས་ཚིགས་ཤིག་ཡིན་པ་མ་ཟད། ད་རེས་མཇལ་བའི་སྐབས་༸སྐུའི་འཕྲོས་བཞེས་ཧ་ཅང་གིས་ཡག་པོ་ཡོད་པ་མྱོང་ཚོར་བྱུང་བས་སྐྱིད་པོ་ཞེ་དྲགས་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཨ་མི་རི་ཀ་མི་ནི་སོ་ཀྲ་མངའ་སྡེ་ནས་ཡིན་པའི་སློབ་མ་མའོ་ལི་Molly ལགས་ཀྱིས། ༧གོང་ས་མཆོག་ལ་ད་རེས་དངོས་སུ་མཇལ་བ་ངའི་མི་ཚེའི་ནང་ཐེངས་དང་པོ་དེ་ཡིན་པས། ཧ་ཅང་གིས་ངོ་མཚར་ཆེ། དེ་སྔོན་༸གོང་ས་མཆོག་གི་སྐོར་གོ་མྱོང་ཡོད་ལ། ད་ལྟའི་ཆར་ཁོང་གི་མཛད་པའི་སྙིང་རྗེའི་སྐོར་གྱི་དཔེ་དེབ་ཞིག་ལྟ་ཀློག་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་བུ་གླིང་ག་ནས་ཕེབས་བསུར་བཅར་བའི་སྤྲོ་སྐྱིད་ཞབས་བྲོ་ཁང་གི་ཚོགས་མི་སྨན་པ་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས། ད་རེས་༸གོང་ས་མཆོག་ལ་བྲོ་དང་གླུ་དབྱངས་མཆོད་འབུལ་གྱིས་ཕེབས་བསུ་ཞུ་རྒྱུ་བྱུང་སོང་བས་ཧ་ཅང་གི་སྐལ་བ་བཟང་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལ་གཞིགས་པ་ཡིན་ན། སྤྱི་ལོ་༢༠༢༣ ཟླ་བ་ ༣ ཚེས་ ༧ ཉིན་ཏེ་བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎