༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་ལྷོ་ཨ་མི་རི་ཀའི་པེ་རུ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཝི་ཀར་མ་ཝིཤ་ཝ་ནཐ་ལགས་ལ་མཇལ་ཁ་སྩལ་བ།

2025.02.10
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་ལྷོ་ཨ་མི་རི་ཀའི་པེ་རུ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་ཝི་ཀར་མ་ཝིཤ་ཝ་ནཐ་ལགས་ལ་མཇལ་ཁ་སྩལ་བ། མཇལ་བཅར་བ་རྣམས། ༢༠༢༥།༠༢།༡༠ ཉིན།
RFA/ Pema Ngodup

ཟླ་བ་འདིའི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲིས་ལྷུན་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་ཁྲོད་ལྷོ་ཨ་མི་རི་ཀའི་པེ་རུའི་རྒྱལ་ཁབ་ཀྱི་རྒྱ་གར་ནང་ཡོད་པའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ (Vikram Vishwanath) ལགས་སུ་མཇལ་ཁ་སྩལ་འདུག མཇལ་ཁ་གྲུབ་མཚམས་གཞུང་ཚབ་ཆེན་མོ་སྐུ་ཞབས་ (Vikram Vishwanath) ལགས་ཀྱིས། ཐེངས་འདིར་ཁོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་ནི་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པས་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ཆ་སྐུ་ཁམས་གསལ་ཐང་དང་༸སྐུའི་འཕྲོད་བཞེས་གང་ལེགས་ཡོད་པ་མཇལ་རྒྱུ་འདུག་ལ། མགོན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོས་མང་ཚོགས་ལ་མཇལ་ཁ་སྩལ་བ་ནི་བཀའ་དྲིན་ཆེན་པོ་ཡིན་པས་ཁོང་ནས་མཇལ་ཁའི་སྐབས་མགོན་པོ་མཆོག་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་པོར་བཞུགས་པའི་སྨོན་འདུན་ཞུས་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཐེངས་འདིར་བོད་མི་མཇལ་བཅར་བ་རྣམས་ནས་མགོན་པོ་མཆོག་གི་མཇལ་ཁའི་གོ་སྐབས་ཐོབ་པར་བསྐལ་པ་བཟང་པོར་ངོས་འཛིན་གནང་གི་ཡོད་ཅེས་དང་། མགོན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་བོད་མི་རྣམས་ནས་རྡོག་རྩ་གཅིག་སྒྲིལ་དགོས་གལ་ཆེ་བའི་གཞེན་སྐུལ་གནང་གི་འདུག་ལ། ཆུང་དུས་ནས་རྒྱ་གར་ལྷོ་ཕྱོགས་བོད་པའི་ཁྱིམ་ཚང་ཁག་ཏུ་ལས་ཀ་བྱས་ཏེ་བོད་པའི་སྐད་དང་གོམས་གཤིས་སོགས་ལ་རྒྱུས་མངའ་གང་ལེགས་ཡོད་མཁན། སྦེ་ལ་ཀོ་པི་གཞིས་ཆགས་ཀྱི་ཉེ་འགྲམ་རྒྱ་གར་རྡོ་ཌ་ཧ་ར་ཝེ་ (Doddaharave) གྲོང་གསེབ་ནས་ཡིན་པའི་རྒྱ་གར་བ་ཅན་དྷ་ར་ལགས་ནས། ཁོང་ཆུང་དུས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཤུགས་ཆེ་ཡོད་མཁན་ཞིག་ཡིན་ཡང་རྒྱང་མཇལ་ཙམ་ལས་མཇལ་ཁའི་གོ་སྐབས་དམིགས་བསལ་བྱུང་མྱོང་མེད་པས། ཐེངས་འདིར་ཁོང་ལ་མགོན་པོ་མཆོག་གི་མཇལ་ཁ་ཐོག་མ་དེ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

རྩ་བའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། མོན་གྷོ་འདོད་རྒུ་གླིང་གཞིས་ཁུངས་ཀྱི་བོད་མི་དགུང་ལོ་ ༦༠ ནས་ ༧༠ བར་གྱི་དད་ལྡན་པ་ ༡༥༢ དང་ཨུ་ཀྲི་ནས་ ༡༥ གཞན་ཧི་མ་ལ་ཡ་རི་བརྒྱུད་ཀྱི་མི་རིགས་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་རིགས་དང་ཕྱི་རྒྱལ་མི་རིགས་སོགས་ཁྱོན་དད་ལྡན་པ་ ༥༠༠ བརྒལ་བར་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎