༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག

2025.02.03
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག ཀར་ན་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་མ་ཧཱ་དེ་བ་པ་ལགས་དང་ཌོག་ཀྲར་ར་ཇེཤ་ཝེ་ཡས་ལགས། ༢༠༢༥།༠༢།༠༣ ཉིན།
RFA/ Pema Ngodup

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་སྐུ་ཞབས་མ་ཧཱ་དེ་བ་པ་ལགས་སུ་མཇལ་ཁ་སྩལ་སྐབས་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག

ཟླ་ ༠༡ ཚེས་ ༠༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་མ་ཧཱ་དེ་བ་པ་ (H. C Mahadevapa) ལགས་དང་། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རི་གཞུང་ཚབ་མི་སྣ། གཞན་ཡང་སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་བོད་མི་བགྲེས་སོང་རྣམས་ཀྱི་གཙོས་པའི་ཕྱི་ནང་དད་ལྡན་པ་༥༠༠་བརྒལ་བར་མཇལ་ཁ་བཀྲིན་ཆེ་གནང་མཛད་འདུག མཇལ་ཁ་གྲུབ་མཚམས་སུ་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་བློན་ཆེན་མ་ཧཱ་དེ་བ་པ་ (H. C Mahadevapa) ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཚོར་སྣང་འགྲེལ་བརྗོད་གནང་སྐབས། དེ་རིང་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་གོ་སྐབས་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་། མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་བོད་དོན་བདེན་མཐའ་སེལ་ནས་བོད་ལ་རང་དབང་ཐོབ་པའི་སྨོན་འདུན་ཞུས་པ་ཡིན་ཞེས་དང། དེ་བཞིན་ཁོང་གིས་མཇལ་ཁའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་སའི་གཞུང་ནས་བོད་མི་རྣམས་ལ་གང་སྤྱིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་གནང་ཡོད་སྐོར་གསུངས་པ་མ་ཟད། ཁོང་ཉིད་ནས་དེ་སྔ་༸གོང་ས་མཆོག་ཐེངས་འགའ་ཤས་མཇལ་མྱོང་ཡོད་པ་གསུངས་བྱུང་། ཡང་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རི་གཞུང་ཚབ་ཀྱི་མི་སྣ་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ནས་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་བཅར་བའི་ཁོངས་སུ་ཡོད་པ་ཨ་རིའི་གཞུང་ཚབ་ཟུར་པ་ཌོག་ཀྲར་ར་ཇེཤ་ཝེ་ཡས་ (Rajesh Vyas) ལགས་ཀྱིས་གསུངས་དོན་ལ། ང་ཚོ་དེ་རིང་༸གོང་ས་མཆོག་གི་མཇལ་ཁའི་ཆེད་ཆེད་མངགས་བཅར་བ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ས་སྟེང་འདིའི་སྐྱེས་བུ་དམ་པ་ཞིག་ཡིན་ཞིང་། མགོན་པོ་མཆོག་མཇལ་རྒྱུ་བྱུང་བ་ནི་མི་ཚེའི་ནང་གི་དོན་སྙིང་ཆེ་ཤོས་དེ་གྲུབ་སོང་ལ། དེ་ནི་ངའི་སྔོན་བསགས་ལས་གྱི་འབྲས་བུ་བཟང་པོ་ཞིག་རེད་བསམ་གྱི་འདུག་ཅེས་གསུང་གི་འདུག ཁོང་རྣམས་ནས་༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་ས་གནས་ཀྱི་དགོན་ཁག་གཅིག་ནས་ཁོང་ཚོར་གནས་གཟིགས་གོ་སྒྲིག་གནང་འདུག

གཞན་ཡང་བཙན་བྱོལ་བོད་མི་རྣམས་ལ་ཤེས་ཡོན་དང་། འཕྲོད་བསྟེན། ཉམ་ཐག་སོགས་ཀྱི་ཐད་ལ་ལོ་མང་རིང་ནས་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་ཨི་ཌ་ལི་ནང་ཡོད་ཝི་མ་ལ་རོགས་ཚོགས་ཀྱི་འགན་འཛིན་དེ་ཝི་ལགས་ནས་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུས་པའི་མྱོང་ཚོར་གསུངས་དོན་ལ། དེ་རིང་ངས་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་དེ་ནི་ང་རང་གི་ཆེད་དུ་མིན་པར་བོད་ནང་གི་བོད་མི་ཚོའི་ཆེད་དུ་ཡིན། ངས་མགོན་པོ་གང་ཉིད་མཇལ་ཁ་ཞུ་སྐབས་དགའ་ཚོར་ཆེན་པོས་མིག་ཆུ་ཤོར་ཏེ་ཚོར་བ་མི་འདྲ་བ་བྱུང་། སྐབས་དེར་ངས་༸གོང་ས་མཆོག་འཛམ་གླིང་སྤྱི་དང་བོད་མིའི་ཆེད་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུང་བྱུང་། གཞན་ཡང་དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུ་མཁན་ཁོངས་སུ་སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་བོད་མི་དགུང་ལོ་༧༠ ནས་༧༩ བར་གྱི་གཙོས་པའི་ཕྱི་ནང་བོད་མི་གྲངས་༣༣༣ ཙམ་ཞིག་འདུག་ལ། བོད་མི་མཇལ་བཅར་ཚོས་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག དེ་མིན་དེ་རིང་མཇལ་བཅར་བའི་ཁོངས་སུ་རྒྱ་གར་བ་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་། སོག་རིགས། རྒྱ་རིགས། ཕྱི་རྒྱལ་བ་ཁག་གཅིག་བཅས་ཁྱོན་ཕྱི་ནང་དད་ལྡན་པ་ ༥༠༠ ལྷག་འདུག །

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎