༧གོང་ས་མཆོག་གིས་ནད་ཡམས་ཀྱི་སྡུག་བསྔལ་གྱི་རྒྱུན་ཆད་པའི་ཆེད་ཐུགས་སྨོན་གནང་བ།

2022.12.30
༧གོང་ས་མཆོག་གིས་ནད་ཡམས་ཀྱི་སྡུག་བསྔལ་གྱི་རྒྱུན་ཆད་པའི་ཆེད་ཐུགས་སྨོན་གནང་བ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༣༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨། ༣༠ ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲ་ཚང་རྒྱལ་བའི་ཕོ་བྲང་ནས་ཀོར་ཧྥུ་རླངས་འཁོར་(Golf cart) ལ་ཞུགས་ཏེ་དུས་འཁོར་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ཕེབས་ལམ་གཡས་གཡོན་དུ་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བས་ལག་ཏུ་མཇལ་དར་དང་མེ་ཏོག་སོགས་བཟུང་ནས་ཕེབས་བསུ་དང་ཞལ་མཇལ་ཞུས་ཡོད་པ་རེད།
དེ་ནས་༸གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་རྒྱ་གར་སློབ་ཕྲུག་ཁག་གཅིག་ནས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད་པ་རེད།
དེ་རྗེས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་བསྐྱེད་དང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་འབྲེལ་བཀའ་སློབ་ཕེབས་དོན་དུ་ད་ལྟའི་དུས་སྐབས་འདིར་འཛམ་གླིང་འདིའི་སྟེང་དམག་འཁྲུག་གི་ཉེན་ཁ་ཏོག་ཙམ་ཆུང་དུ་ཕྱིན་ཡང་ནད་ཡམས་ཀྱི་སྡུག་བསྔལ་གསར་པ་ཞིག་སླེབ་བཞིན་ཡོད་དུས་ཚང་མས་ནད་ཡམས་ཀྱི་རྒྱུན་ཆད་པའི་ཆེད་དུ་སྒྲོལ་མའི་གཟུགས་སྔགས་དང་མ་ཎི་གསོག་སྒྲུབ་གནང་ནས་ཐུགས་སྨོན་གནང་དགོས་པ་བཀའ་སྩལ་ཡོད་པ་རེད།
ཐེངས་འདིའི་ཆོས་འབྲེལ་སྐབས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་གི་གྲོང་ཁྱེར་(Hiroshima)ཧི་རོ་ཤི་མའི་ནང་དེ་སྔོན་རྡུལ་ཕྲན་མཚོན་ཆའི་འོག་འདས་གྲོངས་སུ་འགྱུར་བ་རྣམས་ཀྱི་དྲན་རྟེན་དུ་ཉི་ཧོང་ནས་བརྣམས་ཕེབས་པའི་མེ་རྒྱུན་ཞིག་འབུལ་བཞེས་མཛད་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ནས་རྡུལ་ཕྲན་མཚོན་ཆའི་འོག་འདས་གྲོངས་སུ་འགྱུར་བ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་མཛད་ཡོད་པ་རེད།
དེ་བཞིན་དེ་རིང་༧རྒྱལ་བའི་མཛད་རྣམ་དད་གསུམ་པདྨོ་འཛུམ་པའི་ཉིན་བྱེད་ཅེས། ༧གོང་ས་མཆོག་གི་གསང་བའི་རྣམ་ཐར་གཙོ་བོར་སྟོན་པའི་རྣམ་ཐར་ཅིག་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་ནས་མཛད་པ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འབྱེད་གནང་སོང་། 
ལོ་འདིར་དགུང་ལོ་བརྒྱ་ཐམ་པའི་ཐོག་དགོངས་པ་གཞན་དོན་དུ་གཤེགས་པ། རྭ་སྟོད་སྐྱོང་བླ་རིན་པོ་ཆེ་ངག་དབང་བློ་བཟང་བཤད་སྒྲུབ་བསྟན་པའི་སྒྲོན་མེ་མཆོག་ནས་མཛད་པ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསང་བའི་རྣམ་ཐར་གཙོ་བོར་སྟོན་པ།༧རྒྱལ་བའི་མཛད་རྣམ་དད་གསུམ་པདྨོ་འཛུམ་པའི་ཉིན་བྱེད་ཅེས་པ།  སྤྱི་ཟླ་༡༢པའི་ཚེས་༣༠ཉིན་གནས་མཆོག་རྡོ་རྗེ་གདན་དུ་དབུ་འབྱེད་གནང་ཡོད་ཅིང་། ཕྱག་དེབ་དེ་རྩོམ་སྒྲིག་སོགས་ལ་སྔ་ཕྱིར་འབྲེལ་ཡོད་ཀྱི་རྭ་སྟོད་དགེ་བཤེས་བློ་བཟང་བྱམས་པ་ལགས་ནས། མཛད་རྣམ་དེ་ནི་སྐྱོང་བླ་རིན་པོ་ཆེས་ལོ་བཅུ་གྲངས་ཀྱི་སྔར་སྔོན་ནས་མགོ་བརྩམས་པ་ཞིག་དང་།  རྩོམ་སྟངས་ཀྱི་རྣམ་པ་ནི་ཇོ་བོ་རྗེའི་རྣམ་ཐར་ས་བཅད་དང་གཅིག་པའི་ཚུལ་གྱིས་བརྩམས་ཡོད་པ། ནང་དོན་ནི་གཙོ་ཆེར་༧རྒྱལ་བ་རིན་པོ་ཆེའི་ཉིན་ཞག་ཕྲུགས་གཅིག་གི་ཐུགས་དམ་ཉམས་བཞེས་སྐོར་གསལ་བོ་འཁོད་ཡོད་པའི་ཁར།རྣམ་ཐར་གཞན་དང་མི་འདྲ་བ་ཞིག་ནི་གསང་བའི་རྣམ་ཐར་ཅུང་ཟད་འཁོད་ཡོད་པ་མ་ཟད། རྣམ་ཐར་གཞན་དང་མི་མཐུན་པ་རྣམས་༧རྒྱལ་བ་རིན་པོ་ཆེར་ཁ་ཐུག་བཀའ་འདྲི་དགོངས་སྐོར་ཞུས་ཏེ།  ཧ་ཅང་བརྟན་པོ་གནང་ནས་ཟིན་བྲིས་ཕབ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་མཛད་རྣམ་གྱི་མཇུག་ཐོག་དེར་རིགས་གསུམ་གཅིག་སྒྲུབ་ཞིག་བརྩམས་ཡོད་པའི་ནང་།༧རྒྱལ་བ་རིན་པོ་ཆེས་སློབ་དཔོན་རིན་པོ་ཆེ་དང་རྗེ་རིན་པོ་ཆེ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གསུམ་ཐུགས་རྒྱུད་གཅིག་པར་བསྒྲུབས་གནང་ཡོད་པ་འཁོད་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གསང་བའི་རྣམ་ཐར་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས་ཞལ་གཟིགས་བྱུང་བ་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་བྱུང་བ། ཡུམ་རྡོ་རྗེ་རོ་ལངས་མའི་ཞལ་གཟིགས་སོགས་བྱུང་བ་འཁོད་ཡོད་པའི་མུར། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཅས་ཐུགས་རྒྱུད་དུ་འཁྲུངས་པའང་གསལ་བོ་འཁོད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མཛད་རྣམ་དེར་ཐོག་མར་༧གོང་ས་ཆེན་པོ་མཆོག་རིགས་རུས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ་དང་།གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ།གསུམ་པ་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་སོགས་ས་བཅད་ཆེན་པོ་གསུམ་དུ་གཙོ་ཆེར་བགོས་ཡོད་པ་དང་།  རྭ་སྟོད་སྐྱོང་བླ་རིན་པོ་ཆེ་ནི་མདོ་སྟོད་བྲག་གཡབ་ཏུ་སྤྱི་ལོ་༡༩༢༣ལོར་འཁྲུངས་པ་དང་།  བོད་ཀྱི་འབྲས་སྤུངས་དང་རྒྱུད་སྟོད་གྲྭ་ཚང་དུ་མདོ་སྔགས་ཀྱི་གཞུང་ཆེན་གསན་བསམ་གནང་ཡོད་པ་དང་མཚུངས།  སྤྱི་ལོ་༡༩༦༨ལོ་ནས་ཨ་མི་རི་ཀ་དང་ཡོ་རོབ་སོགས་སུ་ཕེབས་ནས་ནང་ཆོས་སློབ་ཁྲིད་དང་ལམ་སྟོན་སོགས་གནང་ཡོད་པ་དང་ཆབས་ཅིག་ཏུ།  སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༥པའི་ཚེས་༢༤ཉིན།བཞུགས་སྒར་རྡ་རམ་ས་ལར་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎