སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་རྒྱ་ནག་མིན་པར་རང་དབང་གི་རྒྱལ་ཁབ་ཅིག་ཏུ་འཁྲུངས་ངེས་ཡིན་ཞེས་ཕྱག་དེབ་གསར་པའི་ནང་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ། མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ། ཞེས་པའི་ནང་མགོན་པོ་གང་ཉིད་ཀྱི་ཡང་སྲིད་རྒྱ་ནག་གི་ཕྱི་རོལ་གྱི་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཏུ་འཁྲུངས་ངེས་ཡིན་པར་གསུང་འདུག་པ་སྟེ། ཕྱག་དེབ་དེར།“ཡང་སྲིད་འབྱོན་པའི་དགོས་པ་ནི་༸སྐུ་ཐོག་གོང་མ་དེའི་མཛད་པ་འཕྲིན་ལས་འཕྲོ་སྐྱོང་གནང་རྒྱུ་ཡིན་པས་ན། ༸རྒྱལ་དབང་སྐུ་ཕྲེང་རྗེས་མ་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཏུ་འཁྲུངས་ནས་༸རྒྱལ་དབང་རིམ་པའི་འཕྲིན་ལས་ཀྱི་རྒྱུན་སྐྱོང་བ་སྟེ། ཀུན་ཕན་གྱི་བྱམས་བརྩེ་དང་བོད་བརྒྱུད་ནང་པའི་དབུ་ཁྲིད། བོད་མིའི་མཚོན་དོན་དང་མངོན་འདོད་ཀྱི་མགྲིན་ཚབ་པ་སོགས་མུ་མཐུད་དེ་གནང་དགོས་པ་”རེད་ཅེས་འཁོད་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་དེར་འཁོད་པའི་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་ཐད། ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་ (MaoNing) གིས་འཆར་ཅན་གྱི་གསར་འགོད་གསལ་བསྒྲགས་སྐབས་ལན་འདེབས་ནང་། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱ་དགོས་པ་གསལ་སྟོན་བྱས་འདུག
གནད་དོན་དེ་འབྲེལ་ཏེ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་འབྲེལ་བ་ཞུས་པར། དེ་ནི་རྒྱ་ནག་གིས་དུས་རྒྱུན་བཤད་བཞིན་པ་བསྐྱར་བཤད་ཙམ་ལས་དེ་ལ་ལན་འདེབས་ཀྱི་དགེ་མཚན་མེད་སྐོར་གསུངས་བྱུང་ལ། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་ལན་འདེབས་དེ་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་ཙམ་ཡིན་པ་དང་། མ་འོངས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ནི། མགོན་པོ་མཆོག་གང་ཉིད་ཀྱི་སྐུ་དབང་དང་དགའ་ལྡན་ཕོ་བྲང་ཡིག་ཚང་ཆགས་བསྡད་ཡོད་པ་མ་གཏོགས་རྒྱ་ནག་གཞུང་ལ་ཐེ་ཇུས་ཀྱི་དབང་ཚད་རྩ་བ་ནས་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ནིང་ (MaoNing) གིས་འདི་ཚེས་ ༡༠ ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས། “༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ནི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་དང་།ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱ་ནག་ཁ་བྲལ་གྱི་ལས་ཀ་རྩོམ་མཁན་ཞིག་ཡིན་པས། བོད་མི་མང་གི་ངོ་ཚབ་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད་ཅིང་། རྒྱ་ནག་གཞུང་གི་ཁྲིམས་ལུགས་གཞིར་བཟུང་༸རྒྱལ་བའི་ཡང་སྲིད་ཀྱི་ལམ་སྲོལ་ཚུད་པའི་བོད་ཀྱི་ནང་ཆོས་ལ་ཆེ་མཐོང་དང་སྲུང་སྐྱོབ་ཀྱིས། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་དོན་དངོས་དང་བསྟུན་ནས་རྒྱ་ནག་ནང་ཁུལ་གྱི་འགྲོ་ལུགས་ལྟར།ཡང་སྲིད་ཐག་གཅོད་ཡོང་དགོས་པ་”སོགས་སྐྱོན་འཛུགས་བྱས་འདུག
དབྱིན་ཇིའི་སྐད་ཡིག་ནང་བྲིས་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཟེར་བའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་བདུན་ལྷག་གི་རིང་། རྒྱ་ནག་གི་འགོ་ཁྲིད་རྣམས་དང་འབྲེལ་མོལ་གྱི་བརྒྱུད་རིམ་གསལ་པོར་འཁོད་ཡོད་པ་མ་ཟད། འདི་ལོར་མགོན་པོ་མཆོག་གང་ཉིད་དགུང་ལོ་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། ༸སྐུའི་ཡང་སྲིད་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་ཡོངས་གྲགས་གནང་འཆར་ཡོད་པའང་ཕྱག་དེབ་དེར་འཁོད་གནང་འདུག་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་དེར་ད་དུང་མགོན་པོ་མཆོག་གང་ཉིད་ཀྱི་ཕ་ཡུལ་རྒྱ་ནག་དམར་གཞུང་གི་བཙན་གནོན་དབང་སྒྱུར་གྱི་འོག་ཡོད་ནའང་། གནས་སྟངས་ཅི་ཆགས་ལ་མ་ལྟོས་པར་བོད་མིའི་རང་དབང་འཐབ་རྩོད་ནམ་ཡང་མཚམས་འཇོག་མི་སྲིད་པའི་སྐོར་ཡང་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།