མགོན་པོ་གང་ཉིད་དགུངས་ལོ་༨༥ལ་ཕེབས་ཡོད་ཀྱང་སྐུ་གཟུགས་གསལ་ཐང་ཡིན་པ་བཀའ་གནང་འདུག

2019-11-29
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཚོགས་ཐེངས་༡༤པའི་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཚོགས་ཐེངས་༡༤པའི་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་ལེགས་སྨོན།


བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཇོ་ནང་། ཞི་བྱེད་དང་བོ་དོང་། བུ་ལུགས་བཅས་ཀྱི་སྐུ་ཚབ་ཚང་འཛོམས་ཡོད་པའི་ཆོས་ཚོགས་ཐེངས་༡༤པ་གནང་སྟེ། ༧གོང་ས་མཆོག་གི་ཡང་སྲིད་ངེས་པར་འབྱོན་དགོས་པ་དང་། ཡང་སྲིད་ཕེབས་ཕྱོགས་ཀྱི་སྐུ་དབང་༧གོང་ས་མཚོག་ཁོ་ན་ལ་ཡོད་པ་སོགས་ཀྱི་གྲོས་ཆོད་བཞག་གནང་སྟེ། ཚོགས་ཆེན་ཉིན་གསུམ་པ་སྤྱི་ཟླ་༡༡པའི་ཚེས་༢༩ཉིན་༧གོང་ས་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་མགོན་པོ་གང་ཉིད་དགུང་ལོ་༨༥ལ་ཕེབས་ཀྱི་ཡོད་ནའང་སྐུ་གཟུགས་གསལ་ཐང་ཡོད་པ་དང་ཐུགས་བསམ་སྤྲོ་ཐག་ཆོད་ཡོད་པ་བཀའ་གནང་འདུག
བཞུགས་སྒར་གངས་སྐྱིད་ཀྱི་ཚོགས་ཁང་གསར་པའི་ནང་བསྐྱངས་པའི་ཆོས་ཚོགས་ཐེངས་༡༤པའི་ཐོག་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ་བཅས་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་སྐབས། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་སོགས་རྒྱ་ཆེའི་མི་མང་ནི། བསྟན་པའི་དོན་ལ་སྲོག་བློས་གཏོང་བའི་སྙིང་སྟོབས་ཆེན་པོ་ཡིན་པ་བཀའ་བསྩལ་འདུག
ཆོས་ཚོགས་ཐེངས་༡༤བའི་ཐོག་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་དོན་ཚན་༣བཞག་ཡོད་པ། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ངོ་སྤྲོད་གནང་བའི་ནང་། ༧རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་དང་། ཡང་སྲིད་ཕེབས་ཕྱོགས་ཀྱི་སྐུ་དབང་༧གོང་ས་མཆོག་ཁོ་ནར་ཡོད་པ་ངོས་འཛིན་ཞུ་སྟངས་ནི། བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཞིན་གནང་རྒྱུ་བཅས་འཁོད་ཡོད་པ་རེད།
ཆོས་ཚོགས་འདིའི་ཐོག་ས་དགེ་བཀའ་རྙིང་བོན་བཅས་ཀྱི་སྐུ་ཚབ་བླ་སྤྲུལ་གྲངས་༧༡དང་།ཇོ་ནང་བའི་བླ་སྤྲུལ་སྐུ་ཚབ་༤དང་བོ་དོང་དང་བུ་ལུགས། ཞི་བྱེད་བཅས་ཀྱི་སྐུ་ཚབ་རེ་རེ་དང་རིས་མེད་ཀྱི་སྐུ་ཚབ་གཅིག བཙུན་དགོན་ཁག་༡༤ནས་སྐུ་ཚབ་བཙུན་མ་གྲངས་༡༧དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སྐུ་ཚབ་༨དང་། ཆོས་རིག་བཀའ་བློན་ལས་ཟུར་༤དང་ཆོས་བརྒྱུད་སྤྱི་འཐུས་ལས་ཐོག་༧བཅས་ཚོགས་བཅར་པ་༡༡༥ཚོགས་ཞུགས་གནང་ཡོད་ཅིང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པ་ཚོས་ཀྱང་དམིགས་བསལ་ལྷན་ཚོགས་གནང་སྟེ།ཆོས་ཚོགས་འདིའི་ཐོག་བཞག་གནང་བའི་གྲོས་ཆོད་ཁག་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་གསལ་བསྒྲགས་གནང་ཡོད་པ་རེད།།

དྲ་གནས་ཆ་ཚང༌།