ཁྲིམས་གཞི་གསར་པ་དེས་ཧོང་ཀོང་ནང་གི་གསར་འགོད་རང་དབང་ཉམས་ཉེས་གཏོང་སྲིད་པ།

2020-06-19
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ཉེན་རྟོག་པས་གསར་འགོད་པ་བཀག་སྡོམ་བྱེད་བཞིན་པ། ༢༠༢༠།༡།༡༩
ཧོང་ཀོང་ཉེན་རྟོག་པས་གསར་འགོད་པ་བཀག་སྡོམ་བྱེད་བཞིན་པ། ༢༠༢༠།༡།༡༩
AFP

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱ་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་དེ་བཞིན་མ་འོངས་ཧོང་ཀོང་ཡང་རྒྱ་ནག་ནང་བཞིན་གསར་འགོད་རང་དབང་རྡོག་རོལ་གཏོང་བྱེད་ཀྱི་ལག་ཆར་འགྱུར་རྒྱུ་ཡིན་པ་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་བཀོད་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་དང་འབྲེལ་གཏན་འབེབས་ཐག་གཅོད་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གསར་བ་དེའི་ནང་། རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་སྲིད་དབང་འགོ་རྟིང་སློག་རྩིས། འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད། ཕྱི་རྒྱལ་གྱི་ཐེ་བྱུས་ཟེར་བའི་ནང་དོན་བཀོད་ཡོད་པ་དེ་ཚོ། མ་འོངས་ལག་བསྟར་བྱས་ནས་རྒྱ་ནག་སྐམ་སའི་ནང་ཉེས་འཛུགས་བྱས་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཉེས་པ་ཕོག་སྲིད་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱུན་དུ་ནས་རྒྱ་ནག་ནང་གི་གསར་འགོད་པ་དང་དམངས་གཙོ་དོན་གཉེར་ཅན་ཚོར་གོང་ཞུས་ཉེས་བཙུགས་ཀྱི་ཐོག་ནས་ཁྲིམས་གཏུགས་བྱེད་ཀྱི་ཡོད་པ་ལུང་འདྲེན་བྱས་ཤིང་། དེར་བརྟེན་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཟེར་བ་དེ་མ་འོངས་ཧོང་ཀོང་ཡང་རྒྱ་ནག་ནང་བཞིན་གསར་འགོད་རང་དབང་རྡོག་རོལ་གཏོང་བྱེད་ཀྱི་ལག་ཆར་འགྱུར་རྒྱུ་ཡིན་པ་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཞིབ་འཇུག་སྙན་ཐོའི་ནང་བཀོད་འདུག  
རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་རང་དབང་མེད་པའི་ཡུལ་གྲུ་གཙོ་བོའི་གྲས་སུ་གནད་དོན་དབྱེ་ཞིབ་པ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་ལྟ་བུར་མཚོན་ན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་རང་དབང་གི་ཐོག་ནས་བོད་ནང་གི་གནས་ཚུལ་བཀོད་སྤེལ་བྱེད་འཇུག་གི་མེད་ཅིང་། ཨ་རིའི་གཞུང་གིས་གཏན་བེབས་བྱས་པའི་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ནང་རྒྱ་ནག་གི་གསར་འགོད་པ་ཨ་རིའི་ནང་ཡོང་ནས་རང་དབང་གི་ཐོག་ནས་གནས་ཚུལ་བཀོད་སྤེལ་ཆོག་པ་ལྟར། བོད་ནང་ཡང་དེ་ལྟར་ཡོང་དགོས་པ་དམིགས་བཀར་གྱིས་བཀོད་ཡོད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་(Cédric Alviani)་གྱིས། ཁྲིམས་གཞི་དེ་རིགས་གཏན་འབེབས་བྱ་རྒྱུ་དེས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱ་ནག་གི་འདོད་ཕྱོགས་དང་མི་མཐུན་པའི་ལས་དོན་སྤེལ་མཁན་གྱི་གསར་འགོད་པ་ཚོར་ཉེས་པ་གཏོང་རྒྱུའི་ལག་ཆ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད། ཕྱི་ཚུལ་ནས་བལྟས་ན་ཁྲིམས་མཐུན་གྱི་ཐོག་ནས་གསར་འགོད་པ་བཙོན་འཇུག་བྱེད་རྒྱུའི་ཐབས་ལམ་ཞིག་ཡང་ཆགས་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག
དེ་བཞིན་ཧོང་ཀོང་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤུགས་ཆེའི་ངོ་རྒོལ་བྱས་པ་ལ་མ་བལྟོས་པར། རྒྱ་ནག་གཞུང་གིས་ཉེ་ཆར་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ཐག་གཅོད་བྱས་པ་དེ་ད་ལོའི་ཕྱི་ཟླ་༨་པའི་ཟླ་མཇུག་ཙམ་དུ་ལག་བསྟར་བྱ་རྒྱུ་ཡིན་སྲིད་པ་དང་། ཕྱི་ཟླ་དྲུག་པའི་ཚེས་༡༨་ཉིན་ཧོང་ཀོང་གི་གསར་འགོད་པའི་མཐུན་ཚོགས་ཀྱིས། དམངས་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་པའི་གྲངས་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། གསར་འགྱུར་ལས་རིགས་ཀྱི་མི་སྣ་བརྒྱ་ཆ་༩༨་ཙམ་གྱིས་ཁྲིམས་གཞི་དེ་གཏན་འབེབས་བྱས་པར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། བསམ་ཚུལ་བསྡུ་ལེན་བྱེད་མི་གསར་འགོད་ལས་རིགས་ཀྱི་མི་སྣ་ཚོས། ཁྲིམས་ལུགས་དེ་ཧོང་ཀོང་ནང་ལག་བསྟར་བྱས་ཚེ་ཧོང་ཀོང་ནང་གི་གསར་འགོད་པ་ཚོ་ཡང་རྒྱ་ནག་སྐམ་སའི་གསར་འགོད་པའི་གནས་སྟངས་དང་གཅིག་མཚུངས་ཆགས་རྒྱུ་ཡིན་པར་སེམས་ཚབས་ཡོད་པ་བརྗོད་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།