ཧོང་ཀོང་ནང་ཕྱོགས་འགལ་དམངས་གཙོ་ཚོགས་པས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་འདུག
2020.11.12
དབྱིན་ཡུལ་དང་ཨ་རི་སོགས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་སྤེལ་བཞིན་པའི་སྲིད་ཇུས་བྱ་སྤྱོད་ཐད་སྐྱོན་བརྗོད་བྱས་འདུག
རྒྱ་ནག་དམར་ཤོག་གི་གནོན་ཤུགས་འོག་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་(Carrie Lam)ཡིས། ཧོང་ཀོང་གྲོས་ཚོགས་ནང་གི་དམངས་གཙོ་ཚོགས་པའི་འཐུས་མི་བཞི་ཕྱིར་འབུད་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་ཕྱོགས་འགལ་ཚོགས་པའི་འཐུས་མི་ལྷག་འཕྲོས་༡༥ཡིས་རང་འགུལ་གྲོས་ཚོགས་ནས་དགོངས་ཞུ་བྱས་ཤིང་། ཁོང་ཚོ་དགོངས་ཞུ་མ་བྱས་པའི་སྔོན་ཚེས་༡༢ཉིན་མཉམ་འཛོམས་ཀྱིས་ངོ་རྒོལ་བྱས་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་ནང་རང་དབང་དམངས་གཙོའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཐོག་འདི་ཚེས་༡༡རེས་གཟའ་ལྷག་པའི་ཉིན། ཧོང་ཀོང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བཞི་ཕྱིར་འབུད་བཏང་ཡོད་པར་བརྟེན། ད་ཆ་ཧོང་ཀོང་ས་གནས་གྲོས་ཚོགས་ནང་གི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འཐུས་མི་ལྷག་འཕྲོས་རྣམས་ཀྱིས། ད་ལྟའི་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བཞི་ཕྱིར་འབུད་བཏང་བར་ངོ་རྒོལ་ཆེད། ཕྱོགས་འགལ་ཚོགས་པའི་འཐུས་མི་དེ་རྣམས་ཀྱིས་ཁོང་རང་ཚོས་རང་འགུལ་གྱིས་གྲོས་ཚོགས་ནས་དགོངས་ཞུ་མ་བྱས་པའི་གོང་དེར་འདི་ཚེས་༡༢གཟའ་ཕུར་བུའི་ཉིན་ཚང་མས་མཉམ་རུབ་བྱས་ཏེ་ལག་གདེང་སྦྲེལ་ནས་ས་གནས་ལྷན་ཁང་གི་ཐག་གཅོད་དེར་མོས་མཐུན་མེད་པའི་ངོ་རྒོལ་བྱས་ཡོད་པ་རེད་འདུག
ད་ལྟའི་ཧོང་ཀོང་གི་ལེག་ཁའོ་ཞེས་པའི་ས་གནས་གྲོས་ཚོགས་འདིའི་ནང་འཐུས་མི་གྲངས་༧༠ཡོད་ས་ནས་འཐུས་མི་༡༥་ཡིན་པ་རེད།
དགོངས་ཞུ་གནང་མཁན་ཁོངས་ཀྱི་འཐུས་མི་(Lam Cheuk-ting)གིས། དེ་རིང་ནི་ངས་ལས་གནས་ནས་དགོངས་ཞུ་མ་བྱས་སྔོན་གྱི་ཉིན་མཐའ་མ་དེ་ཡིན་པས། ད་ལྟའི་ཀེ་རི་ལེམ་གྱི་གཞུང་འཛིན་ཚོགས་པ་འདི་ནི། རྒྱ་ནག་གི་རྗེས་འབྲངས་པ་དང་དྲང་བདེན་མི་སྐྱོང་བའི་གཞུང་འཛིན་ཞིག་ཡིན་པས་དེས་ཧོང་ཀོང་མི་མང་ལ་དཀའ་ངལ་མང་པོ་བཟོ་བཞིན་ཡོད་པ་བརྗོད་ནས་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་ཁོང་ཚོས་ཐོག་རྩེགས་གཉིས་པའི་སྟེང་ནས་ཕྲེད་དར་ཞིག་དཔྱངས་ཡོད་པ་དེའི་སྟེང་། ཀེ་རི་ལེམ་ཁྱོད་ལོ་ངོ་ཁྲི་ཕྲག་བར་དྲི་ངན་བྲོ་ཞེས་པའི་བརྗོད་ཚིག་འཁོད་ནས་ངོ་རྒོལ་བྱས་འདུག
ཧོང་ཀོང་ཐོག་རྒྱ་ནག་གི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་ཧོང་ཀོང་མི་དམངས་ཚོས་འདས་པའི་ཟླ་བ་མང་པོའི་རིང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད། འོན་ཀྱང་རྒྱ་ནག་དམར་པོའི་གཞུང་གི་ངོས་ནས་མི་དམངས་ཀྱི་འདོད་མོས་ལ་བརྩི་བཀུར་མ་བྱས་པ་ཙམ་མ་ཟད། ༡༩༩༧ ལོར་ཧོང་ཀོང་དབྱིན་ཇིའི་དབང་འོག་ནས་རྒྱ་ནག་གིས་རྩིས་ལེན་སྐབས་ཧོང་ཀོང་ནང་གི་མང་གཙོའི་ལམ་ལུགས་མུ་འཐུད་གནས་རྒྱུར་ཁས་ལེན་བྱས་པར་འགལ་འཛོལ་བྱས་ཡོད་ལ། ཧོང་ཀོང་ས་གནས་སྲིད་གཞུང་གི་དམིགས་བསལ་བཅའ་ཁྲིམས་ད་ཆ་རྩིས་མེད་དུ་གཏོང་བཞིན་པར་འཛམ་གླིང་མང་གཙོའི་ཡུལ་གྲུ་ཁག་གི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གིས་ཧོང་ཀོང་ནང་དབང་ཆ་གཅིག་འདུས་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་ཤུགས་བྱེད་བཞིན་ཡོད་པ་རེད།