བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་བྱེད་བཞིན་འདུག

2016-12-19
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་སྐབས། ༢༠༡༣།༡༡།༡༦
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་སྐབས། ༢༠༡༣།༡༡།༡༦
ཀླུ་འབུམ།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་རྣམ་གཉིས་གང་མགྱོགས་མཇལ་འཕྲད་ཡོང་བ་དང་། བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐོག་ནས་སེལ་བའི་ཐུགས་རེ་གནང་གི་ཡོད་སྐོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་འདུག
དེ་ཡང་Live Mint་ཞེས་པའི་བརྒྱུད་ལམ་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གནད་དོན་མང་པོའི་སྐོར་བཅར་འདྲི་ཞུས་སྐབས། གསར་འགོད་པས་ཐོག་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་བཞེངས་ཕྱོགས་འཛིན་ནས་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་ཡོད་རུང་། དེ་ལ་འབྲས་བུ་ཐོན་རྒྱུ་མེད་པའི་སྣང་ཚུལ་ཡོད་པ་དེའི་སྐོར་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་ནས་དེ་འདྲ་མ་རེད། ཁོང་གི་དགོངས་པར་རྒྱ་ནག་དེ་བཞིན་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་གལ་ཏེ་རྒྱ་ནག་རང་ཉིད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གུས་བརྩི་དགོས་ན་གུས་བརྩི་དེ་ཐོབ་རྒྱུའི་ཆེད་དུ་ལས་དོན་སྤེལ་དགོས་པར་བོད་ཀྱི་གནད་དོན་སེལ་ན་རྒྱ་ནག་རང་ཉིད་ལ་གུས་བརྩི་ཐོབ་རྒྱུ་དང་། དངུལ་དང་དྲག་པོའི་སྟོབས་ཤུགས་ཀྱིས་གུས་བརྩི་ཉོ་ཐུབ་རྒྱུ་མིན་སྐོར་གསུངས་འདུག
ཡང་ཉེ་དུས་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་རྒྱ་ནག་གཅིག་གི་རྩ་དོན་ཨ་མི་རི་ཀས་རྒྱུན་སྐྱོང་དགོས་ངེས་ཤིག་མིན་ལུགས་སོགས་གསུངས་པ་དེའི་སྐོར་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་དེ་ནི་བློ་སྟོབས་ཆེ་བའི་གཏམ་བཤད་ཅིག་ཡིན་པ་དང་། ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་ཡིས་དེ་དང་མཚུངས་པའི་བོད་ཐོག་གཏམ་བཤད་གནང་ན་བསྔགས་བརྗོད་ཞུ་རྒྱུ་དང་། དེ་སྔོན་ཨ་རིའི་སྲིད་འཛིན་George W Bush་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེ་པོ་མཆོག་མཇལ་འཕྲད་ཐེངས་མ་བཞི་རེ་ཞུས་པ་བཞིན་དུ་Trump་ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་སྟེ། ༧གོང་ས་མཆོག་མཇལ་འཕྲད་གང་མགྱོགས་ཞུ་རྒྱུ་དང་། བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ལམ་ནས་སེལ་ཐབས་སུ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་མོལ་ཞུ་དགོས་པའི་སྐུལ་མ་ཤུགས་ཆེ་གནང་བའི་ཐུགས་རེ་གནང་གི་ཡོད་སྐོར་བཀའ་ལན་གནང་འདུག།
ཡང་རྒྱ་གར་གྱི་སྲིད་བློན་ན་རན་ཌ་ར་མོ་དྷི་མཆོག་གིས་ཕྱི་ལོ་༢༠༡༤་ལོར་སྲིད་བློན་འགན་འཁུར་དམ་འབུལ་མཛད་སྒོར་སྲིད་སྐྱོང་མཆོག་མགྲོན་འབོད་གནང་བ་དེའི་སྐོར་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་ནས་ཉེ་དུས་རྒྱ་གར་གྱི་སྲིད་འཛིན་Pranab Mukherje་མཆོག་གིས། ༧གོང་ས་མཆོག་སྲིད་འཛིན་ཕོ་བྲང་ནང་གདན་ཞུས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་པ་དེ་ནི་རྒྱ་གར་གཞུང་གིས་སྙིང་སྟོབས་ཅན་གྱི་རྣམ་འགྱུར་བཏོན་པ་ཞིག་ཡིན་སྟབས་དེར་བསྔགས་བརྗོད་ཞུ་ཡི་ཡོད་སྐོར་སོགས་བཀའ་ལན་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།