ཧང་གྷ་རིའི་རྒྱལ་ས་(Budapest)་ནང་རྒྱ་ནག་གཞུང་གིས་(Fudan)་གཙུག་ལག་སློབ་ཆེན་གྱི་ཡན་ལག་འཛུགས་འཆར་ལ་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་སྐབས་བོད་མི་ཁག་ཅིག་ཡང་མཉམ་ཞུགས་བྱས་འདུག
ཡོ་རོབ་ཤར་མའི་རྒྱལ་ཁབ་ཧང་གྷི་རི་(Hungary)་ནང་རྒྱ་ནག་གཞུང་གིས་(Fudan)་གཙུག་ལག་སློབ་ཆེན་གྱི་ཡན་ལག་འཛུགས་འཆར་ཡོད་པར། འདི་ཚེས་༥་ཉིན་མི་མང་སྟོང་ཕྲག་མང་པོ་རྒྱལ་ས་(Budapest)་ཡི་གྲོས་ཚོགས་ཚོགས་ཁང་མདུན་དུ་འཛོམས་ནས་ངོ་རྒོལ་ཤུགས་ཆེན་བྱས་འདུག་ཅིང་། དེའི་ནང་ས་གནས་ཀྱི་བོད་མི་ཁག་ཅིག་གིས་ཀྱང་བོད་ཀྱི་རྒྱལ་དར་འཁྱེར་ནས་མཉམ་ཞུགས་བྱས་འདུག དེའི་ཐད་མཉམ་ཞུགས་གནང་མཁན་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་ཡུལ་འདིར་(Fudan)་གཙུག་ལག་སློབ་ཆེན་གྱི་ཡན་ལག་འཛུགས་འཆར་ལ་ངོ་རྒོལ་ཡོད། དེ་བས་ང་ཚོའི་བོད་མི་ཁག་གཅིག་ས་གནས་བོད་མི་ཚོའི་ཚབ་བྱས་ནས་མཉམ་ཞུགས་བྱས་བ་ཡིན་ཟེར།
སྐབས་དེར་ངོ་རྒོལ་ལས་འགུལ་བ་ཚོའི་འབོད་ཚིག་གཙོ་བོ་ཞིག་ནི། མི་མང་གིས་གཞུང་ཁྲལ་ཕུལ་བའི་དངུལ་རྣམས་བེད་སྤྱོད་ལོག་པར་བཏང་ནས། རྒྱ་ནག་གཞུང་གི་གཙུག་ལག་སློབ་ཆེན་གྱི་ཡན་ལག་འཛུགས་བསྐྲུན་ཆེད་གཏོང་འཆར་ལ་ངོ་རྒོལ་ཡོད་པ་དང་། རྒྱ་ནག་འགོག་དགོས། ཧྥོ་ཏན་སློབ་གྲྭ་འཛུགས་མི་དགོས་ལ་སོགས་པའི་འབོད་ཚིག་དང་མཉམ་སྐད་འབོད་བྱས་འདུག
ལས་འཆར་དེ་དེ་སྔོན་སྤྱི་ཟླ་༤་བའི་ནང་ཧང་གྷ་རི་དབུས་གཞུང་དང་རྒྱ་ནག་ཧྲང་ཧེ་རུ་ཡོད་པའི་(Fudan)་གཙུག་ལག་སློབ་ཆེན་མཉམ་གན་རྒྱ་བཞག་པ་ལས་འཕྲོས་བ་དང་། ད་ཆ་དེའི་ཐད་གྲོས་ཚོགས་འཐུས་མི་དང་། ས་གནས་མི་མང་། གྲོང་ཁྱེར་སྤྱི་ཁྱབ་སོགས་ཀྱིས་ངོ་རྒོལ་བྱེད་བཞིན་པ་རེད
གནས་ཚུལ་ལྟར་ན། ཧྥོ་ཏན་གཙུག་ལག་སློབ་ཆེན་གྱི་ཡན་ལག་གསར་རྒྱག་དངུལ་གྲོན་ཨ་སྒོར་ཐེར་འབུམ་གཉིས་ཙམ་ཚོད་དཔག་བྱས་འདུག
བདུན་ཕྲག་སྔོན་མའི་ནང་བྷུ་ཌ་པེ་སི་ཏྲིའི་གྲོང་ཁྱེར་སྤྱི་ཁྱབ་(Gergely Karacsony)་ཡིས་རྒྱ་ནག་གི་སློབ་ཆེན་དེ་འཛུགས་བསྐྲུན་བྱེད་སའི་ཁུལ་དེའི་གཞུང་ལམ་བཞིའི་མིང་ཏཱ་ལའི་བླ་མ་ལམ་དང་། ཡུ་གུར་དཔའ་བོ་ལམ། ཧོང་ཀོང་རང་དབང་ལམ། ཆོས་དཔོན་ཤིན་གྷོན་ལམ་ཞེས་མིང་བརྗེ་བསྒྱུར་བྱས་ཡོད་པ་རེད།