བོད་ཀྱི་སྨན་རྩིས་ཁང་སོགས་ཀྱི་སྨན་པ་༢༦ལ་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཕྱག་ཁྱེར་གནང་བ་དེས། སྨན་རྩིས་ཁང་གི་ལས་དོན་རྒྱ་ཆེ་རུ་འགྲོ་རྒྱུར་ངོས་འཛིན་གནང་གི་ཡོད་པ།

2022.08.12
བོད་ཀྱི་སྨན་རྩིས་ཁང་སོགས་ཀྱི་སྨན་པ་༢༦ལ་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཕྱག་ཁྱེར་གནང་བ་དེས། སྨན་རྩིས་ཁང་གི་ལས་དོན་རྒྱ་ཆེ་རུ་འགྲོ་རྒྱུར་ངོས་འཛིན་གནང་གི་ཡོད་པ། རྒྱ་གར་གཞུང་གི་ངོས་འཛིན་ཐོབ་པའི་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་རྣམས།
བོད་ཀྱི་སྨན་རྩིས་ཁང་།

རྒྱ་གར་དབུས་གཞུང་གི་སྨན་པའི་ལྷན་ཚོགས་ནས་ཉེ་ཆར་ཕྱི་ཟླ་༨པའི་ཚེས་༨ཉིན། བཞུགས་སྒར་དུ་རྟེན་གཞི་བྱས་པ་བོད་ཀྱི་སྨན་རྩིས་ཁང་སོགས་ཀྱི་སྨན་པ་༢༦ལ་རྒྱ་གར་གྱི་སྨན་པ་ཚད་ལྡན་ཡིན་པའི་ཕྱག་ཁྱེར་སྩལ་ཡོད་ཅིང་། དབུས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ནས། སྨན་རྩིས་ཁང་ནི་སྔོན་མ་ནས་ཡར་རྒྱས་སུ་ཕྱིན་ཏེ་སྙན་གྲགས་ཀྱང་གང་འཚམས་རྒྱས་བསྡད་ཡོད་ནའང་། གཞུང་གི་འགྲོ་སྟངས་ཀྱི་ཐོག་ནས་ཁྲིམས་ཀྱི་ནང་ཚུད་པ་དང་ལག་ཁྱེར་དེ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་ན། ཕྱི་རྒྱལ་ཁ་ཤས་ལ་དོགས་པ་ཡོད་པ་ཚོར་དོགས་སེལ་དང་སྨན་རྩིས་ཁང་གི་ལས་དོན་རྒྱ་ཆེ་རུ་འགྲོ་ངེས་ཀྱི་ངོས་འཛིན་གནང་གི་འདུག

རྒྱ་གར་དབུས་གཞུང་གིས་གསོ་བ་རིག་པ་དང་སྨན་རྩིས་ཁང་དེ་བཞིན་ཕྱི་ལོ་༢༠༡༠ལོ་ནས་ཁྲིམས་མཐུན་ངོས་འཛིན་གནང་ཡོད་པ་མ་ཟད།་རྒྱ་གར་སྨན་པའི་ལྷན་ཚོགས་ཁྱབ་ཁོངས་ཀྱི་སྲོལ་རྒྱུན་སྨན་པའི་སྡེ་ཚན་གཞན་ཁག་དང་འདྲ་བར། གསོ་བ་རིག་པ་ལའང་སློབ་གྲྭ་ཡོད་ཆོག་པའི་ངོས་འཛིན་དེབ་སྐྱེལ་གནང་མགོ་བཙུགས་ཏེ། སྨན་རྩིས་ཁང་གི་མཐོ་སློབ་ནས་ཕྱི་ལོ་༢༠༡༧བར་ཐོན་ཟིན་པའི་སྨན་པ་ཚོ་རང་བཞིན་གྱིས་ཁྲིམས་ཐོག་ངོས་ལེན་གནང་གཏན་ཁེལ་ཡོད་པ་དང་། བོད་ཀྱི་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་སྨན་རམས་པ་ངག་དབང་བཟོད་པ་ལགས་ནས། རྒྱ་གར་སྨན་པའི་ལྷན་ཚོགས་ཀྱི་དེབ་སྐྱེལ་འགན་འཛིན་ཆེད་དུ་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཏེ། ཆ་རྐྱེན་ཚང་བའི་སྨན་པ་ཚོར་ཞིབ་འཇུག་དང་འབྲེལ་ཕྱག་ཁྱེར་སྩལ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཕྱག་ཁྱེར་ཐོབ་པ་སྨན་རྩིས་ཁང་གི་སྨན་རམས་པ་བསྟན་འཛིན་ལྷུན་འགྲུབ་ལགས་ནས། སྤྱིར་བཏང་གསོ་བ་རིག་པ་སྔ་ས་ནས་ངོས་འཛིན་གནང་གྲུབ་ཡོད་པས། ཕྱག་ཁྱེར་དེ་ཐོབ་དགོས་ངེས་ཤིག་ཀྱང་ཆགས་ཡོད་པ་བཞིན། ངོས་འཛིན་ཕྱག་ཁྱེར་ཐོབ་པར་སོ་སོ་དགའ་སྤོབས་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཀྱི་རིག་དྲུང་སྨན་པ་རྣམ་གྲོལ་ལྷ་མོ་ལགས་ནས། རྒྱ་གར་གཞུང་གིས་མཐོ་སློབ་ལ་རྟོག་ཞིབ་ཀྱི་རྗེས་ཆོག་མཆན་སྤྲོད་མིན་གྱི་ཐད་དཀའ་ངལ་ཅུང་ཡོད་པ་སྟེ། མི་ཆ་དང་མཐུན་རྐྱེན། ས་ཆའི་བདག་དབང་སོགས་མང་པོ་ཡོད་པ་ནས་གལ་ཆེ་ཤོས་གཉིས་ནི། མངའ་སྡེ་གཞུང་གིས་དགག་བྱ་མེད་པའི་ཆ་རྐྱེན་དང་མངའ་སྡེའི་གཙུག་ལག་སློབ་ཆེན་ཞིག་གི་འོག་དེབ་སྐྱེལ་བྱ་རྒྱུ་བཅས་ཡིན་པ་འགྲུབ་ཡོད་པ་དང་། ད་ཆ་ཡང་བསྐྱར་རྟོག་ཞིབ་ཐེངས་གཅིག་འགྲོ་དགོས་པ་སྒུག་ཡོད་པ་དེ་འགྲིག་པ་ཡིན་ན། སྨན་རྩིས་ཁང་གི་མཐོ་སློབ་ཏུ་སློབ་ཕྲུག་བསྡུ་ལེན་གནང་རྩིས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བཙན་བྱོལ་ནང་བོད་ཀྱི་སྨན་རྩིས་ཁང་ནི་ཕྱི་ལོ་༡༩༦༡ལོ་ནས་༧གོང་ས་མཆོག་གིས་ལམ་སྟོན་བཀའ་བཀོད་བཞིན་གསར་འཛུགས་གནང་བ་དང་། ཕྱི་ལོ་༢༠༡༠ལོ་ནས་རྒྱ་གར་གྲོས་ཚོགས་སུ་ཁྲིམས་འཆར་གཏན་འབེབས་བྱས་པ་བཞིན། རྒྱ་གར་དབུས་གཞུང་གིས་གསོ་བ་རིག་པ་གཞུང་འབྲེལ་ངོས་ལེན་གནང་ཡོད་པ་རེད།

གསར་འགོད་པ།  བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎