ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གཉིས་ལ་མཇལ་འཕྲད་གནང་འདུག

དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་འོང་གྲོས་ཚོགས་ནང་ཆེད་དུ་ཕེབས་ཏེ་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་པ་ལྕམ་ཨེ་རི་ཀོ་ཡ་མ་ཏ་ནི་(Yamatani Eriko)ལགས་དང་། དྲུང་ཆེ་ཧི་རོ་ཤི་ཡ་མ་དྷ་ (Yamada Hiroshi)ལགས་རྣམ་གཉིས་དང་མཇལ་འཕྲད་གནང་བ་དང་མཉམ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་འཚམས་འདྲིའི་གསུངས་འཕྲིན་ཕུལ་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཨ་རི་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་སོགས་གསུངས་ཡོད་འདུག
གཞན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉེ་ཆར་ཕྱི་ཚེས་༡༩ཉིན་ཚོགས་འདུའི་སྐབས་གྲོས་བསྡུར་བྱུང་བའི་གནད་དོན་དང་། བོད་ནང་གི་གནས་སྟངས། མ་འོངས་ལས་འཆར་ཁག་གི་སྐོར་ངོ་སྤྲོད་ཞུས་འདུག་ལ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་རྣམ་གཉིས་ལ་རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་ཆོས་ལུགས་ལ་དམ་དྲག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། བོད་ཕྲུག་རྣམས་རྒྱ་ནག་གཞུང་གི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭའི་ནང་བཙན་དབང་གིས་གཏོང་བཞིན་པའི་སྐོར་འགྲེལ་བཤད་གནང་བ་དང་། རྒྱ་ནག་གིས་བོད་ནང་དམ་དྲག་དང་རིག་གཞུང་རྩ་མེད་གཏོང་བཞིན་པའོ་བྱ་སྤྱོད་་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་གནང་དགོས་པའི་རེ་སྐུལ་ཞུས་འདུག
དེ་བཞིན་ཨ་རིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གལ་གནད་སྐོར་འགྲེལ་བརྗོད་གནང་བ་དང་། ཁྲིམས་ཡིག་དེ་ཉི་འོང་གི་སྐད་ཡིག་ཐོག་ཡོད་པའི་ཡིག་ཆ་ཞིག་ཀྱང་ཕུལ་ཏེ། ཉི་འོང་ནང་དུའང་དེ་ལྟ་བུའི་སྲིད་བྱུས་ཁྲིམས་ཡིག་ཞིག་གཏན་འབེབས་ཡོང་བའི་རེ་སྐུལ་ཞུས་ཤིང་། བོད་དང་འབྲེལ་བའི་དཔེ་དེབ་དང་གནས་ཚུལ་ཡིག་ཆ་ཁག་ཅིག་ཀྱང་ཕུལ་གནང་འདུག
གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་དང་དྲུང་ཆེ་ཧི་རོ་ཤི་ཡ་མ་དྷ་ལགས་གཉིས་ཀྱིས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་དོན་སྐོར་འགྲེལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། སྲིད་སྐྱོང་མཆོག་རྣམ་གཉིས་ཀྱིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཐོག་བོད་མི་ཚོར་དྲང་བདེན་ཡོང་ཐབས་སུ་བོད་དོན་རྒྱབ་སྐྱོར་ཐད་ཤུགས་སྣོན་རྒྱག་རྒྱུའི་ཁས་ལེན་དང་སྦྲགས། ཉི་འོང་མི་མང་དང་ཚོགས་སྡེ་ཁག་ལ་བོད་དོན་གོ་རྟོགས་སྤེལ་བར་མཉམ་ཞུགས་ཡོང་བའི་སློབ་སྟོན་གནང་འདུག དེ་མཚུངས་ཁོང་རྣམ་པས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་བཞུགས་མིན་དང་། རྒྱ་ནག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ངོས་འཛིན་ལ་ཇི་ལྟར་ཐེ་བྱུས་བྱེད་འཆར་ཡོད་མེད་སོགས་གླེང་ཐོག་ཁོང་རྣམ་གཉིས་ཀྱིས་བོད་མིའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་བསྐྱར་ནན་གནང་འདུག
ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལྷན་དུ་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ལྷན་བཅར་ཞུས་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
བོད་མི་མང་སྤྱི་མཐུས་ཚོགས་གཙོ་མཆོག་གི་འཚམས་འཕྲིན་ནང་། ཁྱེད་ཀྱིས་གལ་ཆེའི་ལས་འགན་འདི་འཁུར་རྒྱུའི་ཐག་གཅོད་གནང་བ་དེ་ནི། བོད་མི་དམངས་དང་འཛམ་གླིང་ཡོངས་ཀྱི་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། དམིགས་བསལ་ཁྱེད་ཀྱི་ཤེས་རབ་དང་། གཞུང་དྲང་དང་ཆོད་སེམས་བརྟན་པོ་བཅས་ཀྱིས་བོད་ཀྱི་རྩ་དོན་ནི་འཇོན་ཐང་ཅན་དང་བྱམས་སྙིང་རྗེ་ཅན་གྱི་ལག་ཏུ་ཡོད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་། ཁྱེད་ཀྱི་ལམ་སྟོན་འོག་ཉི་འོང་གི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས། ཉི་འོང་ནང་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་ཆེད་དུ་མུ་མཐུད་ནས་འབོད་སྒྲ་སྒྲོག་རྒྱུ་དེ་བོད་ཀྱི་རྩ་དོན་ཆེད་དུ་དོན་སྙིང་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུར་ཐེ་ཚོམ་མེད་པ་རེད།
བོད་དོན་ཆེད་དུ་འབྱུང་འགྱུར་ཚོགས་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཁྱེད་ཀྱི་དབུ་ཁྲིད་འོག་ལམ་ལྷོང་ལྡན་པ་དང་བདེ་ལག་ངང་འཚོགས་ཐུབ་པའི་རེ་བ་ཞུ་བཞིན་ཡོད་ལ། ཁྱེད་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་རྒྱུ་ནི། ལྷན་ཚོགས་ཀྱི་དམིགས་ཡུལ་གྲུབ་པ་ཙམ་མ་ཡིན་པར་བོད་མི་དམངས་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་གོ་བརྡ་ནུས་པ་ལྡན་པ་ཞིག་སྤྲོད་ཐུབ་རྒྱུ་ཡིན་པ་འཁོད་འདུག
ཉི་འོང་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མི་མང་ཤོས་དང་ཚོགས་པ་ཆེ་ཤོས་ཡིན་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།