རྒྱ་གར་གྲོས་ཚོགས་འཐུས་མི་ཀི་ཤན་ཀ་པུར་ལགས་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ནས་གདུང་སེམས་མཉམ་སྐྱེད་དང་སྦྲགས་ཐུགས་གསོ་གནང་འདུག

2025.02.03
རྒྱ་གར་གྲོས་ཚོགས་འཐུས་མི་ཀི་ཤན་ཀ་པུར་ལགས་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ནས་གདུང་སེམས་མཉམ་སྐྱེད་དང་སྦྲགས་ཐུགས་གསོ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་ཀི་ཤན་ཀ་པུར་ལགས། ཟླ་ཚེས་མི་གསལ།
སྒྲིག་བཟོ།

ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན། སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor) ལགས་རྒྱ་གར་པཎ་ཇབ་མངའ་སྡེའི་གྲོང་ཁྱེར་ཅན་ལྡི་གྷར་དུ་འདས་གྲོངས་སུ་གྱུར་བར། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་དམ་པ་ཁོང་གི་ལྟོས་བཅས་ནང་མི་ལྷན་རྒྱས་ལ་གདུང་མཉམ་སྐྱེད་སྦྲགས་ཐུགས་གསོ་གནང་འདུག 

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སྐུ་ཞབས་དམ་པ་ཀི་ཤན་ཀ་པུར་ (Kishan Kapoor) ལགས་ནི་བོད་མིའི་བློས་ཐུབ་གྲོགས་པོ་ཞིག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན་ཞིང་། དམ་པ་ཁོང་གིས་མགོན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་ Bharat Ratna འབུལ་བཞེས་ཡོང་རྒྱུར་སྐུ་ལས་སྐྱོན་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་ལ། ལྷག་པར་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་སེལ་བར་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཐུགས་བརྩོན་གནང་མཁན་ཞིག་ཡིན་པ་གསལ་སྟོན་གནང་འདུག

གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ནས་འཛམ་གླིང་གང་སར་གནས་བཞུགས་བོད་མི་རྣམས་དང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། འདས་པོ་ཁོང་གི་སྐུ་ཟླ་ (Rekha Kapoor) ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་བའི་ནང་། དཀའ་སྡུག་དང་སེམས་ངལ་གྱིས་མནར་བའི་དུས་འདིར། འདས་པོ་ཁོང་གི་ཤུལ་ལུས་ནང་མི་དང་ཁོང་ལ་ཡི་རང་རྒྱབ་སྐྱོར་གནང་མཁན་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུ་ཡི་ཡོད་ཅེས་དང་། ངོས་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་འདས་པོ་ཁོང་དང་ལྷན་ས་གནས་མི་འདྲ་བ་ཁག་ཅིག་ཏུ་ཐེངས་འགའ་ཤས་མཇལ་འཕྲད་བྱས་མྱོང་བའི་སྐབས། ཁོང་གིས་བོད་དོན་བདེན་པའི་འཐབ་རྩོད་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་ནི་འགྲན་ཟླ་བྲལ་བའི་ཡི་རང་གི་གནས་སུ་མཐོང་བ་དང་། ཁོང་གིས་སོ་སོའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་རླབས་ཆེན་གྱི་མཛད་རྗེས་བཞག་པ་ནི་ནམ་ཡང་བརྗེད་མི་སྲིད་པ་ཞིག་རེད་ཅེས་ཕྱག་བྲིས་ཕུལ་ཏེ་མྱ་ངན་དང་བཀའ་དྲིན་དྲན་གསོ་གནང་འདུག

མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་ཀྱང་། སྐུ་ཞབས་ཀི་ཤན་ཀ་པུར་ལགས་ནས་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་བར་ཡི་རང་གིས་བཀའ་དྲིན་དྲན་གསོ་དང་འབྲེལ་ཏེ་ཁོང་གི་ཤུལ་ལུས་ནང་མི་དང་བཅས་པར་གདུང་སེམས་མཉམ་བསྐྱེད་གནང་གི་འདུག

ཕྱི་ལོ་ ༢༠༡༩ ནས་ ༢༠༢༤ བར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་གནང་མཁན་སྐུ་ཞབས་ཀི་ཤན་ཀ་པུར་ལགས་ནི། ༡༩༥༡ ལོར་བཙན་བྱོལ་བོད་མིའི་ལྟེ་གནས་ཆགས་ཡུལ་བཞུགས་སྒར་རྡ་རམ་ས་ལའི་ཀང་ར་རྫོང་ཁོངས་སུ་འཁྲུངས་ཏེ། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་འགྲིམ་འགྲུལ་དང་གྲོང་གསེབ་ཡར་རྒྱས། ཁྲིམས་འཛིན་བློན་ཆེན་བཅས་གནང་བ་མ་ཟད། མངའ་སྡེའི་བཟོ་ལས་དང་གྲོང་ཁྱེར་ཡར་རྒྱས་ཀྱི་བློན་ཆེན་ཡང་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎