དཀོན་མཆོག་སྦྱིན་པ་ལགས་ཀྱི་འདས་རྐྱེན་རྒྱ་ནག་གཞུང་གིས་འགན་ལེན་བྱེད་དགོས་ཟེར།

2021-02-25
Share
དཀོན་མཆོག་སྦྱིན་པ་ལགས་ཀྱི་འདས་རྐྱེན་རྒྱ་ནག་གཞུང་གིས་འགན་ལེན་བྱེད་དགོས་ཟེར། དཀོན་མཆོག་སྦྱིན་པ་ལགས།
བོད་འབྱོར།/RFA

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་བོད་མི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་རྒྱ་ནག་གི་བཙན་འོག་ཏུ་རྐྱེན་འདས་སོང་བའི་ཐད་རྒྱ་ནག་གཞུང་གིས་འགན་ལེན་བྱེད་དགོས་པའི་དགོས་འདུན་བཏོན་འདུག
དེ་ཡང་ཁམས་འབྲི་རུ་ནས་ཡིན་པའི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས། རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཉེ་ཆར་ཕྱི་ཟླ་༢ཚེས་༦ཉིན་རྐྱེན་འདས་སུ་ཕྱིན་པ་ནི། བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཐད་གྱོང་གུད་ཡིན་པ་འབྲེལ་ཡོད་མི་སྣ་ཚོས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་ཡོད་ལ། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་སྤྱི་དང་ལྷག་པར་དུ་འབྲི་རུའི་ནང་གི་གནས་ཚུལ་མཁོ་སྤྲོད་ལན་མང་གནང་ཡོད་ལ། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཁ་པར་བཏང་པ་མཐའ་མ་དེ་༢༠༡༣ཕྱི་ཟླ་༡༡ཚེས་༡༤ ཉིན་ཡིན་པ་རེད།
རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Border)ཀྱིས་ཕྱི་ཟླ་༢ཚེས་༢༤ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དགུང་གྲངས་༥༡ཡིན་པའི་དཀོན་མཆོག་སྦྱིན་པ་ལགས། ཕྱི་ལོ་༢༠༡༣ ལོར་འཛིན་བཟུང་དོ་དམ་མ་བྱས་སྔོན། ཁོང་ནི་ཕྱི་ཕྱོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱེད་སའི་གནས་ཚུལ་ཡོང་ཁུངས་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་མང་ཚོགས་ནས་རྒྱ་ནག་གི་དོ་དམ་འོག་ཡོད་པའི་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་མཁན་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག
དེ་ཡང་ཐེ་ཝན་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་(Cédric Alviani)ལགས་ཀྱིས། རྒྱ་ནག་གཞུང་ཕྱོགས་ནས་དཀོན་མཆོག་སྦྱིན་པ་ལགས་ཀྱིས་ཕྱི་ཕྱོགས་སུ་བོད་ནང་གི་དངོས་ཡོད་གནས་ཚུལ་མཁོ་སྤྲོད་བྱས་པ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་བཙོན་འཇུག་དང་། སྡུག་སྦྱོང་མནར་གཅོད་ཚབས་ཆེ་བཏང་བ་དེ་ནི་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་དཀོན་མཆོག་སྦྱིན་པ་ལགས་རྐྱེན་འདས་གྱུར་བའི་གནས་ཚུལ་འདིའི་ཐད་འགན་ལེན་བྱ་དགོས་པ་བརྗོད་འདུག

kunchok-jinpa-rfa.JPG

གནས་ཚུལ་ཐོན་པར་གཞིགས་ན་དཀོན་མཆོག་སྦྱིན་པ་ལགས། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༡ཚེས་༨ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འབྲི་རུ་རྫོང་ནས་འཛིན་བཟུང་བྱས་རྗེས། ལོ་ངོ་༢༡གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་ནས་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་ཀྱིས། ཉེ་ལམ་སྤྱི་ཟླ་༢པའི་ཚེས་༦ཉིན་ཁོང་རྒྱ་ནག་གཞུང་གིས་དབྱེས་བའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་པ་རེད།
ཁོང་གིས་དེ་སྔོན་རྒྱ་གར་ནང་སློབ་སྦྱོང་གནང་ཡོད་ལ། དེ་ནས་བོད་ནང་ཕྱིར་ལོག་གིས་ཡུལ་སྐོར་སྣེ་ཤན་པའི་ཕྱག་ལས་གནང་འདུག ཁོང་དང་འབྲེལ་བ་ཉེ་པོ་ཡོད་པ་བོད་ནང་གི་བོད་མི་ཞིག་གིས། ཁོང་ནི་བོད་ཀྱི་རིག་གཞུང་དང་ཁོར་ཡུག དཔལ་འབྱོར་སོགས་གནད་དོན་མང་པོའི་ཐད་བསམ་བློ་གཏིང་གཟབ་གཏོང་མཁན་ཞིག་ཡིན་པའི་ཁར། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་པའི་དངོས་ཡོད་གནས་ཚུལ་ཁག་ཕྱིར་བསྒྲགས་ཡོང་རྒྱུར་རང་ཉིད་ཀྱི་བདེ་འཇགས་ལ་འཛེམས་ཟོན་མེད་པའི་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་ཡིན་པ་བརྗོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།