དཀོན་མེ་ལཊ་བཙོན་དུས་གཙང་ནས་ནང་ལ་བསྐྱལ་འདུག

2016-12-06
གློག་འཕྲིན།
མཆན།
Share
པར་བཀོད།
དཀོན་མེ་འམ་དཀོན་མཆོག་བློ་གྲོས་ལགས། ༢༠༡༦།༡༢།༤
དཀོན་མེ་འམ་དཀོན་མཆོག་བློ་གྲོས་ལགས། ༢༠༡༦།༡༢།༤
བོད་འབྱོར།

རང་ལུས་མེར་སྲེག་དང་འབྲེལ་ནས་འཇུ་བཟུང་བྱས་བ་ཆབ་སྲིད་བཙོན་པ་དཀོན་མེ་ལགས་བཙོན་གྲོལ་བྱུང་བར་ས་གནས་བོད་མིས་དགའ་བསུ་བྱས་འདུག
དེ་ཡང་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༦་ཟླ་༡༢་ཚེས་༤་ཉིན་གྱི་མཚན་མོར་ཆབ་སྲིད་བཙོན་པ་དཀོམ་མེ་ལགས་རྒྱ་ནག་གི་བཙོན་ཁང་ནང་མི་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་གཙང་ནས་ཉེན་རྟོག་པས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་གཉེན་ཉེ་དང་ཡུལ་མི་མང་པོས་དགའ་བསུ་བྱས་ཡོད་པ་ལས་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་ཞིབ་ཕྲ་གསལ་བོ་མི་འདུག
དེ་ནི་དེ་སྔོན་ཕྱི་ལོ་༢༠༡༣་ཟླ་༡༢་ཚེས་༣་ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། བོད་མི་མང་པོས་ཁོང་གི་སྐུ་ཕུང་ལ་བདག་པོ་བྱས་བར་རྒྱ་ནག་ཉེན་རྟོག་པས་བོད་མི་ཉི་ཤུ་ཙམ་སྔ་ཕྱིར་འཇུ་བཟུང་བྱས་བའི་གྲས་ཡིན་པ་དང་། ཁྲིམས་ཐག་གང་ཡང་མ་བཅད་པར་ཟླ་བ་༡༡་རིང་བཀག་ཉར་ཁང་གི་ནང་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་ཡོད་འདུག
དེ་རྗེས་ཕྱི་ལོ་༢༠༡༤ཟླ་༡༡ཚེས་༣་ཉིན་རྔ་བ་རྫོང་རྒྱ་ནག་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་པ་དང་། རྒྱ་ནག་ཟི་ཁྲོན་མེན་ཡཱང་ཞེས་བའི་བཙོན་ཁང་ནང་བཙོན་བཅུག་བྱས་ཡོད་འདུག
དཀོན་མེ་འམ་དཀོན་མཆོག་བློ་གྲོས་ནི་མདོ་སྨད་རྔ་བ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་ཡིན་པ་རེད།
ཁ་སང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་༢༠༡༣་ཟླ་༡༢་ཚེས་༣་ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་ཡིན་པ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་རྗེས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་བྱ་མཁན་གྲས་སྒྲོལ་མ་མཚོ་ཡང་ལོ་གསུམ་གྱི་བཙོན་དུས་ཉེས་ཆད་གཙང་སྟེ་ཕྱི་ཟླ་༡༢་ཚེས་༤་ཉིན་བཙོན་གྲོལ་ཐོབ་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ། ཞུ་དག་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།