རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་ཤར་ཏུར་ཀིསི་ཐན་ནང་སྤེལ་བཞིན་པ་དང་འདྲ་མཚུངས་ཡིན་པ།

2020.12.16
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་ཤར་ཏུར་ཀིསི་ཐན་ནང་སྤེལ་བཞིན་པ་དང་འདྲ་མཚུངས་ཡིན་པ། ཕྱིའི་གསར་འགོད་པ་ལྷ་སར་ཁྲིད་སྐབས་རྒྱ་ནག་གིས་དར་དམར་མང་པོ་སྒྲིག་ཡོད་པ། ༡༠།༡༤།༢༠
Reuters

རྒྱ་ནག་གཞུང་གིས་བོད་ནང་བོད་མི་མང་པོ་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ཤར་ཏུར་ཀིསི་ཐན་ནང་སྤེལ་བཞིན་པའི་སྲིད་ཇུས་དང་འདྲ་མཚུངས་ཡིན་པའི་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཞིང་འབྲོག་མང་ཚོགས་མང་པོར་དམག་མི་ལྟར་གྱི་སྦྱོང་བརྡར་སྤྲད་ནས། ས་གནས་གཞན་ལ་གནས་སྤོ་བྱེད་བཞིན་པའི་སྲིད་ཇུས་དེ་ནི། རྒྱ་གཞུང་གིས་ཤར་ཏུར་ཀིསི་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་ཚོར་བཙན་ཤེད་ཀྱིས་ལག་ཤེས་སྦྱོང་བརྡར་རྭ་བར་བཅུག་ནས་སྦྱོང་བརྡར་སྤྲོད་བཞིན་པ་དང་གཅིག་མཚུངས་ཡིན་པའི་གནས་ཚུལ་སྤེལ་འདུག
རྒྱ་གར་གྱི་(ANI)ཞེས་པའི་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། སྔ་ལོ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ནང་གི་ཞིང་འབྲོག་ཁུལ་ལ་ངལ་རྩོལ་བ་མང་པོ་ཡོད་པ་ས་གནས་གཞན་ལ་གནས་སྤོ་བྱ་རྒྱུའི་སྲིད་ཇུས་གསར་པ་ཞིག་ངོ་སྤྲོད་བྱས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཞེས་བའི་ནང་གི་བོད་མི་ཞིང་འབྲོག་མང་པོ་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ནང་གནས་སྤོ་བྱེད་བཞིན་པ་དེ་ནི། རྒྱ་གཞུང་གིས་བོད་ནང་མི་རིགས་ཀྱི་གྲངས་འབོར་ལ་བསྒྱུར་བཅོས་གཏོང་རྒྱུའི་ཐབས་ཤེས་བསྐྱར་ཟློས་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག
ཡང་ཨ་མི་རི་ཀའི་(James Foundation)ཞེས་པའི་ཐེབས་རྩ་ཁང་གི་ཞིབ་འཇུག་གནང་མཁན་(Adrian Zenz)ལགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་སྲིད་ཇུས་དེ་བོད་མི་ཞིང་འབྲོག་མི་མང་མང་པོར་དམག་མི་ལྟ་བུའི་ལག་རྩལ་སྦྱོང་བརྡར་བཙན་ཤེད་ཀྱིས་སྤྲོད་ཀྱི་ཡོད་པ་དེ་ནི། རྗེས་ལུས་ཐེབས་པའི་བོད་མིའི་བསམ་བློ་ཡར་རྒྱས་ཆེད་འགྱུར་བ་གཏོང་ཐབས་སུ་དམིགས་ཚུལ་ཤོད་ཀྱི་ཡོད་ཀྱང་། སྦྱོང་བརྡར་ཁག་རྒྱ་སྐད་ཐོག་ནས་སྤྲོད་ཀྱི་ཡོད་སྐོར་གསུངས་འདུག
ཡང་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་གསར་པ་ལག་བསྟར་བྱེད་བཞིན་པ་དེ་ནི། རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་ནང་གི་ཡུ་གུར་ཁ་ཆེ་མི་རིགས་རྣམས་ལ་བཙན་ཤེད་ཀྱིས་ལག་རྩལ་སྦྱོང་བརྡར་སྤྲད་ནས། ས་གནས་གཞན་ལ་གནས་སྤོ་བྱས་ནས་ཡུ་གུར་མི་རིགས་རྣམས་དཀའ་སྡུག་སྤྲོད་བཞིན་པའི་གནས་སྟངས་དང་མཚུངས་པའི་ཆ་མང་པོ་ཡོད་འདུག ཡང་རྒྱ་གཞུང་གི་སྲིད་ཇུས་གསར་པ་དེའི་དམིགས་ཡུལ་གཙོ་བོ་ནི། ཕུགས་རྒྱང་རིང་པོར་བོད་ནང་གི་བོད་མི་རྣམས་ཀྱི་ཕ་མེས་ཡང་མེས་ནས་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་བཅས་པ་རྩ་མེད་བཟོ་རྒྱུར་དམིགས་ཚད་བཟུང་ཡོད་འདུག
བོད་ཤར་ཕྱོགས་ཆབ་མདོ་ཕྱོགས་སུ་དྲག་ཆས་དམག་མི་དང་། ཉེན་རྟོག་པ་ཚོས་ལྟ་རྟོག་བྱེད་བཞིན་དུ། དམག་ཆས་སྤྲས་པའི་བོད་མི་རྣམས་ལ་དམག་མི་དང་མཚུངས་པའི་སྦྱོང་བརྡར་སྤྲོད་བཞིན་པ་དང་། བོད་མི་དེ་རྣམས་ཐང་ཆད་ན་ཡང་ད་དུང་ངལ་རྩོལ་སྐུལ་བཞིན་པའི་འདྲ་པར་མཐོང་རྒྱུ་ཡོད་པ་རེད། ཞིང་འབྲོག་བོད་མི་རྣམས་ལ་བཙན་ཤེད་ཀྱིས་སྦྱོང་བརྡར་སྤྲོད་ས་ཁག་ལ་བསྡུ་རུབ་ཀྱི་ཆེད་དུ། ས་གནས་སུ་ལས་དོན་རུ་ཁག་ཟེར་བའི་རྒྱ་མིའི་ལས་བྱེད་པ་ཚོས་འགན་འཁུར་གྱི་ཡོད་པ་དང་། དེ་ཡང་ཤར་ཏུར་ཀིསི་ཐན་ནང་གི་ཡུ་གུར་ཁ་ཆེའི་མི་རིགས་སུ་ཞིག་གསོག་སྒར་ཁག་ནང་གཏོང་དགོས་མིན་ས་གནས་རྒྱ་མིའི་ལས་བྱེད་པ་ཚོས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་ཡིན་པ་ཡང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎