རྒྱ་ནག་གཞུང་གིས་སྤང་གོང་མཚོ་ཁར་ཟམ་པ་རྒྱབ་པ་དེས་མ་འོངས་པའི་ཉེན་ཁར་ངོས་འཛིན་བྱེད་ཀྱི་འདུག

2022.05.12
རྒྱ་ནག་གཞུང་གིས་སྤང་གོང་མཚོ་ཁར་ཟམ་པ་རྒྱབ་པ་དེས་མ་འོངས་པའི་ཉེན་ཁར་ངོས་འཛིན་བྱེད་ཀྱི་འདུག བར་སྣང་ནས་བླངས་བའི་ལ་དྭགས་སྤང་གོང་མཚོའི་ཁུལ། ༠༤།༢༩།༢༠༢༢
RFA

ཉེ་ལམ་ཕྱི་ཟླ་༤བའི་ནང་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་འཁེལ་ཡུལ་སྤང་གོང་མཚོ་ཁར་ཟམ་པ་ཞིག་གསར་རྒྱག་བྱས་ཡོད་ཅིང་། རྒྱ་གར་གྱི་བདེ་འཇགས་ཉམས་ཞིབ་པ་ཚོས་འདི་ནི་རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སུ་དམག་གི་གོ་མཚོན་སྐྱེལ་འདྲེན་དང་དམག་གི་རྟེན་གཞི་འཕེལ་རྒྱས་གཏོང་ཐབས་སུ་དམིགས་པ་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད།
སྤང་གོང་མཚོའི་ཞོག་ཅིག་བོད་ཀྱི་ས་ཁོངས་དང་ཞོག་ཅིག་རྒྱ་གར་ལ་དྭགས་ཀྱི་ས་ཁོངས་སུ་གནས་ཡོད་ཅིང་། ལ་དྭགས་ཕྱོགས་ཀྱི་སྤང་གོང་མཚོའི་ས་ཁུལ་དུ་གནས་ཞུགས་ན་གཞོན་བསྟན་འཛིན་ལྷུན་གྲུབ་ལགས་ནི་ཕ་མེས་ནས་བཟུང་སྤང་གོང་ས་འཚམས་སུ་འཚོ་བ་སྐྱེལ་མཁན་ཞིག་ཡིན་ཞིང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་ལ་དྭགས་ས་མཚམས་དང་འབྲེལ་བའི་བོད་ཀྱི་མཐའ་མཚམས་སུ་ཟམ་པ་གསར་རྒྱག་བྱས་པ་དེས་ས་ཁུལ་མི་མང་ལ་བློ་ཚབས་བྱ་ཡུལ་ཞིག་ཡིན་པས། རྒྱ་གར་གཞུང་གི་ངོས་ནས་འདིར་དམིགས་བསལ་དོ་སྣང་བྱེད་དགོས་པའི་བསམ་ཚུལ་བརྗོད་བྱུང་།

Pangong ladkah.jpg
རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་དང་པོའི་ནང་། རྒྱ་ནག་གི་ངོས་ནས་སྤང་གོང་མཚོའི་ཁུལ་རྨངས་གཞིའི་འཛུགས་བསྐྲུན་གྱི་ལས་གཞི་དེ་རྒྱ་ནག་རང་ཉིད་ཀྱི་ས་ཁོངས་སུ་སྤེལ་བཞིན་པ་དང་། དེ་དག་ནི་རྒྱ་ནག་རང་ཉིད་ཀྱི་མངའ་དབང་དང་ས་ཁོངས་སྲུང་སྐྱོབ། དེ་བཞིན་རྒྱ་གར་དང་རྒྱ་ནག་དབར་གྱི་ས་མཚམས་སུ་བདེ་འཇགས་དང་བརྟན་ལྷིང་ཡོང་ཐབས་སུ་དམིགས་པ་ཡིན་པ་བརྗོད་ཡོད་པ་རེད།
འོན་ཀྱང་རྒྱ་གར་ས་བབས་དམག་བྱུས་ལ་མཁས་ཤིང་། རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཁང་གི་སློབ་དཔོན་སྐུ་ཞབས་ སྦརཱ་མ་ཆེ་ལེ་ནི་ (Brahma Chellaney) ལགས་ཀྱིས་རྒྱ་ནག་གིས་ཟམ་པ་གསར་རྒྱག་ཟིན་ཡུལ་སྤང་གོང་མཚོ་ནི་གནད་འགག་ཆེ་བའི་ས་ཚིགས་ཤིག་ཡིན་ལ། རྒྱ་གར་དང་རྒྱ་ནང་དབར་དེ་ཁུལ་དམག་དོན་རྒྱ་སྐྱེད་དང་ལས་གཞི་མི་སྤེལ་རྒྱུར་མོས་མཐུན་བྱུང་མིན་ལ་མ་བལྟོས་པར་རྒྱ་ནག་གི་ངོས་ནས་ས་མཚམས་ཁུལ་དམག་དོན་གྱི་མུ་འཐུད་སྤེལ་ཡོད་པ་རེད། ཟམ་པ་གསར་བསྐྲུན་ཟིན་པ་དེས་རྒྱ་ནག་གི་ཕྱོགས་ནས་ས་མཚམས་ས་ཁུལ་དུ་དམག་མི་འོར་འདྲེན་བྱེད་སྟབས་བདེ་རུ་གཏོང་རྒྱུ་ཡིན་པ་གསུངས་བྱུང་།
Pangong Lake RFA.jpg
ཡང་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་འཐུས་སྤང་གོང་ཡུལ་གྱི་ཁྱབ་ཁོངས་ནས་ཡིན་པ་སྐུ་ཞབས་དཀོན་མཆོག་བསྟན་འཛིན་ལགས་ཀྱིས། ལ་དྭགས་ས་མཚམས་ཕྱོགས་སུ་འཛུགས་བསྐྲུན་ཆེད་རྒྱ་གར་གཞུང་གི་ངོས་ནས་ཡུལ་མིའི་འཚོ་བ་ཡར་རྒྱས་བཏང་ནས་རྒྱ་ནག་ལ་ཡ་ལན་སྤྲོད་དགོས་སྐོར་གསུངས་པ་དང་། སྤང་གོང་མཚོ་ཁའི་ཕྱོགས་ཀྱི་ལ་དྭགས་ཀྱི་ཡུལ་མི་དགེ་གཉེ་ཚེ་སྒྲོན་ལགས་ཀྱིས། ཟམ་གསར་རྒྱག་གི་གནས་ཚུལ་འདི་རིགས་གསར་འགྱུར་བརྒྱུད་ལམ་ནས་གོ་ཐོས་ཡོང་སྐབས་སླར་ཡང་རྒྱ་གར་ས་ཕྱོགས་ཀྱི་དམག་མིར་ཚོར་དཀའ་ངལ་འཕྲད་སྲིད་པའི་སེམས་ཁྲལ་ཡོང་གི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
རྒྱ་གར་གྱི་གནས་ཚུལ་དཔྱད་བརྗོད་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་རུ་ཐོག་ཁུལ་ནི། རྒྱ་ནག་གི་དམིགས་གསལ་དམག་སྒར་དང་དམག་གི་གོ་མཚོན་འཇོག་ས་གཙོ་གྲས་སུ་བཟོ་བཞིན་ཡོད་པའི་ཚོད་དཔག་བྱས་ཡོད་ལ། སྤང་གོང་མཚོ་ཁར་ཟམ་པ་གསར་རྒྱག་བྱས་པ་དེས་འཕགས་བོད་ས་མཚམས་བར་རྒྱང་ཐག་སྤྱི་ལེ་༥༠ཙམ་ཐག་ཇེ་ཉེར་བཏང་ཡོད་པ་བརྗོད་ཡོད་པ་རེད།
ཐེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(Taiwan-Asia Exchange Foundation)་གི་རྒྱ་ནག་ཕྱི་སྲིད་ཉམས་ཞིབ་པ་དང་རྒྱ་ནག་གི་ས་མཚམས་དབྱེ་ཞིབ་པ་ས་ན་ཧཤ་མི་(Sana Hashmi)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་ཞིག་གནང་པའི་ནང་། རྒྱ་གར་དཔོན་རིགས་ཚོས་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་རྩོད་རྙོག་དེ་གནད་དོན་ཡོངས་ཀྱི་མདུན་གྲལ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཚུར་རྒོལ་དང་ས་མཚམས་ཁུལ་དུ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད། རྒྱ་ནག་གི་བྱེད་བབས་དེས་རྒྱ་ནག་ཕྱོགས་ནས་ས་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་བྱེད་འདོད་མེད་པར་གནས་སྟངས་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པ་གསུངས་འདུག ད་དུང་ཉམས་ཞིབ་པ་ ས་ན་ཧཤ་མི་ལགས་ཀྱིས། དེར་བརྟེན་རྒྱ་གར་གྱིས་ཀྱང་རྒྱ་ནག་གི་བྱ་སྤྱོད་དང་མཚམས་པར་མཐའ་མཚམས་སྲུང་སྐྱོབ་ལ་གྲ་སྒྲིག་དང་དམག་དོན་མཚོན་ཆ་གྲ་སྒྲིག་མུ་མཐུད་རྒྱ་སྐྱེད་དུ་གཏོང་བཞིན་ཡོད་པ་རེད་ལ། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་ཕྱི་ཟླ་༥ཚེས་༢༤་ཉིན་(QUAD)་མཐུན་གྲོགས་རྒྱལ་ཁབ་བཞི་སྟེ་ཨ་རི་དང་། ཉིན་ཧོང་། རྒྱ་གར། དེ་བཞིན་ཨོསི་ཊརེ་ལི་ཡ་བཅས་ཀྱི་གྲོས་མོལ་ཚོགས་འདུའི་སྐབས་ལ་གྲོས་བསྡུར་ཡོང་སྲིད་པའི་དགོངས་ཚུལ་གསུངས་འདུག
རྒྱ་ནག་གི་ངོས་ནས་ས་མཚམས་ཁུལ་དུ་འཛུགས་བསྐྲུན་ལས་གཞི་སྤེལ་བཞིན་པ་དེ་དག་ཐད་མི་ཚང་མས་འཇིགས་སྣང་དང་དངངས་སྐྲག་བྱེད་ཀྱི་མེད་ཅིང་། དཔེར་ན་ལ་དྭགས་མཐའ་མཚམས་ཀྱི་འབྲོག་པ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཕྱོགས་སུ་ཟམ་པ་ཅི་འདྲ་བརྒྱབ་ན་ང་ལ་ནི་སྐྲག་སྣང་མེད་ཅེས་བརྗོད་བྱུང་།
ཡང་སྤང་གོང་མཚོ་ཁར་གནས་སྡོད་བོད་མི་ཚེ་རིང་དོན་གྲུབ་ལགས་ཀྱིས་རང་གི་སྒོ་ཁར་བོད་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར་གཉིས་བསྒྲེངས་འཛུགས་བྱས་འདུག་ལ། དགོན་པ་ཞིག་ཀྱང་གསར་རྒྱག་ཞུས་འདུག ཁོང་གིས་རྒྱ་ནག་གི་བོད་ནང་ཆོས་དད་རང་དབང་ཐད་དམ་དྲག་ཤུགས་བྱེད་བཞིན་ཡོད་སྟབས། དེར་ཁ་གཏད་དུ་དམིགས་ནས་དགོན་པ་དེ་གསར་རྒྱག་ཞུས་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་ན། དགོན་པ་འདི་ནི་རྒྱ་གར་ནང་བོད་ཀྱི་དགོན་པ་མང་པོ་ཡོད་པའི་ནང་ནས་བོད་ས་དང་ཉེ་ཤོས་དེ་ཆགས་པ་དང་། རྒྱ་ནག་ལ་ངོམ་རྒྱུ་ཞིག་ཡིན་པ་གསུངས་ཤིང་། ཁོང་གི་ཁང་པའི་སྒོ་ཁར་བོད་དང་རྒྱ་གར་གྱི་རྒྱལ་དར་འདི་དག་ནི་སྤོབས་པ་ཆེན་པོས་སྒྲེངས་འཛུགས་བྱས་ཡོད་པས་རྒྱ་ནག་ལ་སྐྲག་སྣང་གང་ཡང་མེད་པ་གསུངས་བྱུང་།

ཕྱི་ལོ་༢༠༢༠ལོར་སྤང་གོང་མཚོའི་ལྷོ་ཕྱོགས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་བྱུང་བ་ནས་བཟུང་། ཕྱོགས་གཉིས་ཀ་ནས་ས་མཚམས་ཁུལ་དུ་དམག་མི་འགྲེམས་འཇོག་སོགས་ཀྱི་ལས་དོན་ཤུགས་ཆེ་རུ་བཏང་ཡོད་པ་རེད།
རྒྱ་གར་ལ་དྭགས་ཕྱོགས་ལ་མཚོན་ན་སྤང་གོང་མཚོ་ཁར་འབྲོག་ལས་དང་ས་མ་འབྲོག་བྱས་ནས་འཚོ་སྡོད་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་དང་། གཞན་ཡུལ་མི་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་ནས་མཚོ་ཁར་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
སྤང་གོང་ཡུལ་ཕྱོགས་ཀྱི་དགོན་པའི་རྒན་དཀོན་མཆོག་རིག་མཆོག་ལགས་ཀྱིས་གསུངས་ན། རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁུལ་དུ་ཟམ་པ་དང་ལམ་ཁ་གསར་རྒྱག་བྱེད་བཞིན་པ་དེ་རྒྱ་གར་གཞུང་གིས་ཤེས་རྟོགས་དགོས་རྒྱུ་གལ་ཆེན་ཡིན་པ་དང་། དེ་ལ་དཔག་སྔ་ས་ནས་གྲ་སྒྲིག་མ་བྱས་ན་མ་འོངས་པར་ཉེན་ཁ་ཡོང་རྒྱུ་ཡིན་པ་གསུངས་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ཟམ་པ་གསར་རྒྱག་བྱེད་བཞིན་པའི་གནས་ཚུལ་དེ། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཐོག་མར་མིས་བཟོས་འཁོར་སྐར་ཉམས་ཞིབ་པ་(Damier Symon)་ཞུ་བས་ཤེས་རྟོགས་བྱུང་ནས། ཁོང་གི(twitter)་དྲ་ལམ་དུ་བཀོད་སྤེལ་བྱས་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་བདེ་སྲུང་དང་རྒྱལ་སྲུང་ལྷན་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་ཡང་སྤང་གོང་མཚོའི་བྱང་ངོས་སུ་རྒྱ་ནག་གིས་ཟམ་པ་གསར་རྒྱག་གི་རྨང་གཞི་བསྐྲུན་བཞིན་པའི་གནས་ཚུལ་སྤྱིར་བསྒྲགས་གནང་ཡོད་པ་རེད།
རྒྱ་གར་གྱིས་ཕྱི་ལོ་༢༠༢༠ལོར་སྤང་གོང་མཚོའི་ཤར་ངོས་མཚོ་འགྲམ་གྱི་རི་རྩེ་ཞིག་བདག་བཟུང་བྱ་ཐུབ་པ་བྱུང་བ་དེར་ཡ་ལན་སློག་ཆེད་རྒྱ་ནག་གཞུང་གིས་བྱང་ངོས་སུ་ཟམ་པ་གསར་རྒྱག་བྱས་པ་ཞིག་ཡིན་པ་ཉམས་ཞིབ་པས་བརྗོད་བཞིན་ཡོད་པ་རེད་ལ། རྒྱ་གར་ཕྱོགས་ནས་ཀྱང་ས་མཚམས་ཁུལ་དུ་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེར་གཏོང་བཞིན་ཡོད་པ་དང་། རྒྱ་གར་གཞུང་གིས་སྤྱི་ལོ་༢༠༢༢-༢༣ལོའི་རྒྱ་གར་ཁྱོན་ཡོངས་ཀྱི་བདེ་སྲུང་མ་དངུལ་ཨ་སྒོར་ཐེར་འབུམ་༧༠ལྷག་སྤར་ཡོད་པ་རེད་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎