གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གཉེར་ཁང་དུ་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གཉེར་ཁང་དུ་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
བོད་ཁམས་དཀར་མཛེས་ཁུལ་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གཉེར་ཁང་ནི་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་གནས་ཚུལ་འབྱོར་བ་ལུང་འདྲེན་བྱས་དོན་ལྟར་ན། གསེར་རྟ་བླ་རུང་སྒར་དུ་དཀར་མཛེས་ཁུལ་བྲག་མགོ་རྫོང་སོགས་ནས་དམག་མི་ ༤༠༠ ཙམ་འགྲེམས་འཇོག་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་བརྒྱུད་གྲྭ་བཙུན་རྣམ་པའི་འགུལ་བསྐྱོད་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༥ ནས་འགོ་འཛུགས་ཀྱིས་བླ་རུང་སྒར་དུ་གྲྭ་བཙུན་རྣམས་ལོ་ ༡༥ ལས་མང་བ་གནས་སྡོད་མི་ཆོག་པའི་དམ་བསྒྲགས་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག དེའི་ཐད་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་བོད་དང་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཞི་ཅིན་ཕིན་གྱི་ཀྲུང་གོ་ཅན་གྱི་སྲིད་ཇུས་འོག་བོད་ནང་གི་བླ་རུང་སྒར་གྱིས་མཚོན་པའི་བོད་ཀྱི་རིག་གཞུང་གི་གཞི་རྐང་འཛིན་ས་གཙོ་བོ་དགོན་སྡེ་ཁག་གི་ཤུགས་རྐྱེན་ཇེ་ཆུང་ལ་གཏོང་རྒྱུ་ནི་རྒྱ་ནག་གཞུང་གིས་དམིགས་ཡུལ་བཅངས་པ་དང་། གསེར་རྟ་བླ་རུང་སྒར་དུ་ད་རེས་དམག་མི་དེ་འདྲ་མང་པོ་འགྲེམས་འཇོག་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་མེད་ཀྱང་། བྱེད་སྟངས་འདི་གཙོ་བོ་རྒྱ་ནག་གིས་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་དང་། ས་ཕྱོགས་གཞན་གྱི་གྲྭ་བཙུན་ཡོང་རྒྱུར་བཀག་སྡོམ། གྲྭ་བཙུན་རྣམས་ཀྱི་གནས་སྟངས་ལ་དམ་དྲག་བྱ་རྒྱུའི་དམིགས་ཡུལ་ཡིན་པ་དང་། འདིས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་བྱ་ཐབས་སྲིད་བྱུས་ལག་བསྟར་ཤུགས་ཆེ་རུ་གཏོང་བཞིན་པ་གསལ་བོ་ཡིན་པ་གསུངས་བྱུང་།

གསེར་རྟ་བླ་རུང་སྒར་ནི་ཕྱི་ལོ་ ༡༩༨༠ ལོར་༧ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་དོན་ལྟར་གསར་བཙུགས་གནང་ཞིང་། མཚན་སྙན་ལྡན་པའི་ཆོས་སྒར་འདིའི་ནང་བོད་མི་དང་རྒྱ་མི་སོགས་སློབ་གཉེར་བ་ནང་པའི་གྲྭ་བཙུན་སྟོང་ཕྲག་མང་པོ་ཡོད་ཅིང་། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་གྲྭ་བཙུན་གྱི་ཞལ་གྲངས་ཕྱེད་ཀ་ཙམ་ཉུང་དུ་ཕྱིན་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ནང་བཀོད་འདུག
གསར་འགོད་པ། སྟག་ལྷ་རྒྱལ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།