བོད་ནང་ཏོག་དབྱིབས་ཞི་འཇམ་བྱུང་མཚམས་བལ་བོད་མཐའ་མཚམས་སྒོ་ཕྱེ་རྒྱུ།

2022.09.17
Share on WhatsApp
Share on WhatsApp
བོད་ནང་ཏོག་དབྱིབས་ཞི་འཇམ་བྱུང་མཚམས་བལ་བོད་མཐའ་མཚམས་སྒོ་ཕྱེ་རྒྱུ། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་(Li Zhanshu)བལ་ཡུལ་དུ་མགྲོན་འབོད།
བལ་ཡུལ་ཚོགས་དྲུང་ལས་ཁུངས།

དེའང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལི་ཊིན་ཧྲུའུ་(Li Zhanshu)བལ་ཡུལ་དུ་མགྲོན་འབོད་གནང་བ་བཞིན། ཕྱི་ཟླ་༩ཚེས་༡༢ནས་༡༥བར་གཞུང་འབྲེལ་བལྟ་བསྐོར་བྱས་ཡོད་པ་དང་། ཕྱི་ཚེས་༡༣ ཉིན་བལ་ཡུལ་སྲིད་བློན་(Deuba)མཆོག་དང་ཉིན་རྒྱབ་མཇལ་ཕྲད་སྐབས་དབུ་ཁྲིད་རྣམ་གཉིས་དབར་ཕྱོགས་གཉིས་ཀྱི་རྩ་དོན་ཁེ་ཕན་དང་འབྲེལ་བའི་གནད་དོན་མང་དག་ཅིག་ཐོག་གྲོས་བསྡུར་བྱུང་འདུག དེ་ཡང་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་དང་མ་རྩ་འཛུགས་འཇོག གཞན་ཡང་བལ་ཡུལ་ནང་རྒྱ་ནག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་རྣམ་ཕྱིར་ལོག་སྐོར། རྒྱ་ནག་དང་བལ་ཡུལ་དབར་འགྲུལ་བསྐྱེལ་གནམ་གྲུ་འཕུར་བསྐྱོད་སྐྱར་གསོ་དང་བལ་བོད་ས་མཚམས་ཀྱི་འགག་སྒོ་སླར་ཡང་སྒོ་ཕྱེད་དགོས་རྒྱུ་སོགས་སྐོར་གླེང་ཡོད་འདུག མ་ཟད་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞི་འོག་བལ་རྒྱ་གཉིས་དོན་ཚན་༦གི་ཐོག་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་མོས་མཐུན་བྱུང་འདུག།
༢༠༡༧ ལོར་བལ་ཡུལ་གྱིས་རྒྱ་ནག་དང་མཉམ་རྒྱུད་གཅིག་ལམ་གཅིག་ཐོག་མཉམ་ལས་བྱ་རྒྱུ་མཚན་རྟགས་བཀོད་ཡོད་པ་དང་དེའི་ནང་བལ་བོད་བར་རི་ལི་ལྕགས་ལམ་འཛུགས་བསྐྲུན་བྱ་རྒྱུ་མོས་བྱུང་ཡོད་ཀྱང་ད་བར་དོན་སྙིང་ལྡན་པའི་མདུན་བསྐྱོད་གང་ཡང་བྱེད་ཐུབ་མེད་པ་རེད།
ཡང་བལ་ཡུལ་དང་རྒྱ་ནག་གི་དབུ་ཁྲིད་དབར་མཇལ་ཕྲད་ཀྱི་སྐབས་རྒྱ་ནག་གི་ཕྱོགས་ནས་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལམ་ཕྱོགས་དང་རྒྱ་ནག་གི་རྩ་བའི་རྩ་དོན་དང་འགལ་བའི་བལ་ཡུལ་གྱི་ས་ཐོག་ཏུ་ལས་དོན་གང་ཡང་སྤེལ་མི་འཇུག་རྒྱུའི་ཆོད་སེམས་ལ་ཡིད་རངས་བསྔགས་བརྗོད་བྱས་འདུག མ་ཟད་བོད་རང་སྐྱོང་ལྗོང་ནང་དེང་སྐབས་འཕྲད་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་སེལ་ཚར་བ་དང་སྟངས་འཛིན་ཐུབ་རྗེས་ས་མཚམས་ཀྱི་འགག་སྒོ་ཕྱེད་རྒྱུ་ཡིན་པ་མ་ཟད། ད་ལྟ་བལ་ཡུལ་ནང་དུས་ཆེན་ཞིག་སླེབས་རན་གྲབ་ཡོད་པ་དེའི་ཆེད་དུ་དངོས་ཟོག་ནང་འདྲེན་གྱི་དོལ་བསྐྱེལ་རླངས་འཁོར་འགག་སྒོ་སར་ལུས་བསྡད་པ་ཁག་ཕྱིར་གཏོང་ཐབས་བྱ་རྒྱུ་ཁས་ལེན་བྱས་འདུག
བལ་ཡུལ་སྲིད་བློན་མཆོག་གིས་རྒྱ་ནག་གིས་བལ་ཡུལ་ནང་འཛུགས་བསྐྲུན་གྱི་ལས་འཆར་ཐོག་འདས་པའི་ལོ་ཤས་ནང་མཐུན་འགྱུར་རྒྱབ་སྐྱོར་གནང་བ་ཁག་ལ་དཀའ་དྲིན་ཆེ་ཞུས་ཡོད།
ཡང་བལ་ཡུལ་གྱི་གྲོས་ཚོགས་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་སྐུ་ཚབ་དང་མཉམ་མཇལ་མོལ་སྐབས་སུ་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཡིད་ཆེས་བློས་གཏད་དང་རྒྱ་ནག་ལ་གནོད་པའི་ལས་འགུལ་གང་ཡང་བལ་ཡུལ་གྱི་ས་ཐོག་ཏུ་སྤེལ་འཇུག་རྒྱུ་མིན་པའི་རྒྱུན་གཏན་ཁས་ལེན་དེ་དག་བསྐྱར་བཟློས་བྱེད་འདུག
ཉེ་ལམ་སྤྱི་ཟླ་༥ཚེས་༢༠ཉིན་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)་མཆོག་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་ཕེབས་ཞོར་གནད་ཡོད་བོད་མི་ཚོར་མཇལ་འཕྲད་གནང་ཡོད་པ་རེད།
སྤྱི་ཟླ་༢པའི་ཟླ་མཇུག་ཏུ་ཨ་མི་རི་ཀས་བལ་ཡུལ་ལ་ཨ་སྒོར་ས་ཡ་༥༠༠ ཡི་རོགས་སྐྱོར་གནང་རྒྱུ་བལ་ཡུལ་གྲོས་ཚོགས་ཀྱིས་ངོས་ལེན་གནང་བ་དང་། ཉེ་བའི་ནང་ཨ་རིའི་གཞུང་གི་མཐོ་རིམ་སྐུ་ཚབ་བལ་ཡུལ་ནང་གཟིགས་སྐོར་དུ་ཕེབས་པ་སོགས་བལ་ཡུལ་ནང་ཨ་མི་རི་ཀའི་ཤུགས་རྐྱེན་ཇེ་ཆེར་འགྲོ་རྒྱུར་རྒྱ་ནག་གཞུང་ལ་སེམས་ཚབས་ཡོང་གཞིར་གྱུར་ཡོད་པ། བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་(Santosh Sharma)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཡང་རྒྱ་ནག་གིས་བལ་ཡུལ་གྱི་ས་ཆ་བདག་དབང་དང་རྒྱལ་ཁབ་རང་བཙན། ས་ཆ་གོང་བུ་གཅིག་གྱུར་བཅས་ཀྱི་ཐད་མུ་མཐུད་རྒྱ་སྐྱོར་ཞུ་རྒྱུ་ཡིན་པ་ཡང་བརྗོད་འདུག
མི་སྣ་༦༧གྲུབ་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་ཉིན་བཞིའི་གཞུང་འབྲེལ་གཟིགས་སྐོར་དེ་གྲུབ་རྗེས་ཕྱི་ཚེས་༡༥ཞོགས་པ་བལ་ཡུལ་ནས་ཕྱིར་ཐོན་སྐབས་སུ་བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་Agni Prasad Sapkota་གཙོས་པའི་ཆེ་མཐོའི་དཔོན་རིགས་ཁག་གིས་གནམ་ཐང་དུ་ཕེབས་བསྐྱེལ་ཞུས་འདུག
བལ་ཡུལ་གྱི་སྲིད་བློན་(Sher Bahadur Deuba)ཡིས་བལ་ཡུལ་གྱི་གཞུང་འཛིན་བྱས་ནས་འདས་པའི་ལོ་གཅིག་ནང་རྒྱ་ནག་གི་མཐོ་རིམ་སྐུ་ཚབ་བལ་ཡུལ་དུ་ཡོང་ཐེངས་༣པ་དེ་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ། ཕྲ་རེང་བསྟན་ནོར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎