གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཆོས་དད་རང་དབང་ཚན་པའི་དཔོན་རིཊ་དང་མཇལ་མོལ།

2019-08-26
གློག་འཕྲིན།
མཆན།
Share
པར་བཀོད།
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སློབ་སྟོན་པ་སྐུ་ཞབས་(Thames Noax)མཆོག་དང་མཇལ་འཕྲད། ༢༠༡༩།༨།༢༣
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སློབ་སྟོན་པ་སྐུ་ཞབས་(Thames Noax)མཆོག་དང་མཇལ་འཕྲད། ༢༠༡༩།༨།༢༣
Ling Rinpoche/FB

གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་གནད་ཡོད་དཔོན་རིགས་དང་མཇལ་འཕྲད་གནང་འདུག
དེ་ཡང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན།
སྤྱི་ཚེས་༢༣་གཟའ་པ་སངས་ཉིན་དེང་སྐབས་ཨ་རིའི་ནང་མཛད་འཕྲིན་སྐྱོང་བཞིན་པའི་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སློབ་སྟོན་པ་སྐུ་ཞབས་(Thames Noax)མཆོག་དང་མཇལ་འཕྲད་གནང་ནས། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་ཆོས་དད་རང་དབང་གི་གནས་སྟངས་སྐོར་ཞུས་པའི་ནང་། ཕྱོགས་གཅིག་ནས་ཆོས་ལ་ཡིད་ཆེས་མེད་མཁན་གྱི་རྒྱ་ནག་གུང་ཁྲན་སྲིད་གཞུང་ནས་བོིད་ཀྱི་ཆོས་ཕྱོགས་ཀྱི་ལམ་སྲོལ་དང་འབྲེལ་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་དེ་ནི་རྒྱ་ནག་གཞུང་ནས་བོད་རྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་ཚོར་མཐོང་ཆུང་ཁྱད་གསོ་བྱེད་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད་འདུག དེ་དང་ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས་བོད་ནང་རྒྱ་ནག་གཞུང་ནས་དགོན་སྡེ་ཁག་གི་ཐོག་དམ་དྲག་བྱེད་སྟངས་སྐོར་དཔེ་མཚོན་གསུངས་པའི་སྐབས། དགོན་པ་གྲྭ་ཚང་ཁག་གི་ནང་དགོན་པའི་ལས་སྣེ་སོགས་ཡོད་བཞིན་དུ་དེ་དག་གི་ཐོག་སྟངས་འཛིན་བྱེད་མཁན་དམིགས་བསལ་ཆེད་བཙུགས་བྱེད་བཞིན་པ། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་ཚུན་ཆད་ལའང་དམ་དྲག་བྱེད་བཞིན་པ་སོགས་ཀྱི་སྐོར་ཞུས་པར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སློབ་སྟོན་སྐུ་ཞབས་ཐེམེས་ནོཀེསེ་མཆོག་གིས་ཐུགས་འཚབ་དང་བཅས་ཁོང་གི་ལས་ཁུངས་ནས་གང་ཐུབ་ཞུས་ཆོག་པ་གསུངས་བ་དང་མཉམ་ཁོང་གིས་མུ་མཐུད་ནས། ཉེ་ཆར་མཉམ་སྦྲེལ་རྒྱལ་ཚོགས་ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་སྐུ་ཚབ་སྐུ་ཞབས་(Brownback)་མཆོག་གིས་ཆོས་དད་རང་དབང་སྐོར་ཀྱི་གནས་ཚུལ་གསུངས་སྐབས་བོད་གཙོས་པའི་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ཚོའི་ནང་འབྲེལ་ཡོད་ལས་ཁུངས་ཀྱི་ངོས་ནས་ཆོས་དད་རང་དབང་སྲུང་སྐྱོབ་གནང་རྒྱུ་ཡིན་ལུགས་གསུངས་པའི་སྐོར་འགྲེལ་བརྗོད་གནང་འདུག
གོང་ཞུས་མཇལ་འཕྲད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་དང་། འདི་ག་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་མཉམ་བཅར་ཞུས་འདུག
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་༢༡་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་དུ་ཕེབས་འབྱོར་གྱིས་ཆོས་འབྲེལ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ལ་མཇལ་འཕྲད་སོགས་གནང་ཡོད་པ་མ་ཟད། ཚེས་༢༦་ཉིན་(United States Institute for Peace)་འམ་ཨ་རིའི་ཞི་བདེའི་བསྟི་གནས་ཁང་ནང་ཕེབས་ཏེ་གསུང་བཤད་དང་བགྲོ་གླེང་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།