སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དུ་བདམས་ཐོན་བྱུང་འདུག
༢༠༢༤ ཟླ་ ༩ ཚེས་ ༡༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་མཇུག་སྡོམ་ཉིན་གསང་བའི་འོས་བསྡུའི་ལམ་ནས་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བདམས་ཐོན་བྱུང་ཡོད་པ་རེད།
སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་བྱང་ཕྱོགས་ ཨུཏརཱ་ཁནཌི་ གྱི་མངའ་ཁུལ་ཧར་པ་སྤུར་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་ནས་བུམ་གསུམ་སྐྱོན་བྲལ་གྱི་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། ༡༩༩༢ ལོར་པཱན་འཇབ་མངའ་སྡེའི་ཅན་རྡི་རྒར་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་ནས་དགེ་རྒན་འོས་སྦྱོང་གནང་བའི་སྐབས་སུ་ཅན་རྡི་རྒར་ས་གནས་རང་བདེན་ཚོགས་ཆུང་གྱི་དྲུང་ཆེ་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ཕྱི་རྒྱལ་སློབ་ཕྲུག་ཚོགས་པའི་ཚོགས་གཞོན་གནང་མྱོང་ཡོད་པ་རེད།
དེ་བཞིན་ཤེས་རིག་ཁྱབ་ཁོངས་ཀྱི་སྤོན་ཊ་གཏན་སློབ་དུ་དགེ་རྒན་དང་། ༡༩༩༣ ལོར་ལྡི་ལིར་རྒྱ་གར་དབུས་གཞུང་གི་བོད་གནས་ཉམས་ཞིབ་ཁང་དུ་ལོ་ ༦ རིང་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ལས་འཁུར་ཞུས་གནང་བ་དང་། ༢༠༠༡ ནས་ ༢༠༠༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གྱི་སྒྲིག་འཛུགས་འགན་འཛིན་དང་ཚོགས་གཞོན་གྱི་ལས་འཁུར་ཞུས་གནང་འདུག་ལ། ༢༠༡༡ དང་ ༢༠༡༦ ལོར་སྐབས་གཉིས་རིང་མདོ་སྟོད་ཆོལ་ཁའི་ཁོངས་ནས་བོད་མི་མང་མདོ་སྟོད་ཀྱི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་ཅིང་། ༢༠༢༡ ལོར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱི་འགན་འཁུར་ལོ་གཅིག་རིང་ཞུས་གནང་འདུག་ཅིང་། བློ་བཟང་ཡེ་ཤེས་ལགས་ཀྱིས་ ༡༩༨༨ ལོར་མཐོ་སློབ་ཐོན་རྗེས་མི་ལོ་ ༣༦ རིང་བོད་དོན་དང་འབྲེལ་བའི་ལས་གནས་འདྲ་མིན་ཐོག་ཞབས་ཞུ་བསྒྲུབས་གནང་འདུག
གཞན་ཡང་གྲོས་ཚོགས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་གཅིག་གི་ཆེད་མི་འགྲོ་གཉིས་མཚན་འདོན་གནང་བའི་ནང་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་དང་། རྡ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་ཚུལ་ཁྲིམས་ལགས་གཉིས་སུ་གསང་བའི་འོས་བསྡུའི་ཁྲོད། རྡ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་ཚུལ་ཁྲིམས་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་འདུག
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།