དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་བོད་ཀྱི་ལོ་གསར་སྲུང་བརྩི་གནང་འདུག

2024.02.09
དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་བོད་ཀྱི་ལོ་གསར་སྲུང་བརྩི་གནང་འདུག དབྱིན་ཡུལ་གྲོས་ཚོགས་ནང་ཐེངས་དང་པོར་བོད་ཀྱི་ལོ་གསར་སྲུང་བརྩི་གནང་སྐབས། ༠༢།༠༧།༢༠༢༤
Office of Tibet, London

དེ་ཡང་དབྱིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས། བོད་རྒྱལ་ལོ་༢༡༥༡རབ་གནས་ཤིང་འབྲུག་ལོའི་བོད་ཀྱི་ལོ་གསར་སྔ་སྣུར་གནང་ནས་ཕྱི་ཟླ་༢ཚེས་༧ ཉིན་གྲོས་ཚོགས་ནང་སྲུང་བརྩི་ཞུས་འདུག་ལ། མཛད་སྒོའི་ཐོག་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱ་རིགས་དང་ཡུ་གུར་བ་སོགས་ཁྱོན་སྐུ་མགྲོན་༨༠ཙམ་ཕེབས་ཡོད་པའི་ཁྲོད། དམིགས་བསལ་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་(Lord Alton)་ལགས་དང་། (Jim Shannon)་ལགས། (Ben Rogers)་ལགས་སོགས་དང་། བོད་དང་འབྲེལ་བའི་ཚོགས་པ་མང་པོའི་སྐུ་ཚབ་ཕེབས་ཡོད་འདུག
དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Tim Loughton)་ལགས་ཀྱིས་མར་མེའི་ཞལ་ཁ་ཕྱེ་ནས་མཛད་སྒོ་དབུ་འབྱེད་གནང་བ་དང་། བོད་ཀྱི་ལོ་གསར་གྱི་མཛད་སྒོར་ཕེབས་མཁན་ཡོངས་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུས་འདུག
དེ་ནས་བོད་མི་ཚོས་ཆོལ་ཁ་གསུམ་གྱི་གཞས་སྣ་གཟིགས་འབུལ་གནང་བ་དང་། གློག་བརྙན་འཁྲབ་སྟོན་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་(Dame Joanna)་ལགས་ཀྱིས་ཁོང་གི་ནང་མི་དང་བོད་དབར་འབྲེལ་བ་ཇི་ཡོད་དང་། དེ་བཞིན་ཁོང་གིས་རྡ་རམ་ས་ལ་དང་། ལོན་ཌོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་མྱོང་ཚོར་སྐོར་གསུངས་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་ཆོས་བསམ་གཏན་ལགས་དང་། དྲུང་གཞོན་བསྟན་འཛིན་མཛེས་ལྡན་ལགས་ཀྱིས་སྐུ་ཚབ་དོན་གཅོད་བསོད་ནམ་ཕར་སི་ལགས་ས་གནས་སུ་ཞུགས་མེད་སྟབས་ཁོང་གི་ཚབ་གནང་ནས་ལོ་གསར་ལ་སྔ་ནུར་གྱིས་བཀྲིས་བདེ་ལེགས་ཞུས་བ་དང་། དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ནས་མཛད་སྒོར་ཕེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
* བོད་ཀྱི་ལོ་གསར་དང་འབྲེལ་བའི་གནས་ཚུལ་ཁག་འདིར་གནན་ན་གཟིགས་ཐུབ།

* ནོར་བཅོས།
བོད་རྒྱལ་ལོ་༢༡༥༡རབ་གནས་ཤིང་འབྲུག་ལོའི་བོད་ཀྱི་ལོ་གསར་སྔ་སྣུར་གནང་ནས་ཕྱི་ཟླ་༢ཚེས་༧ ཉིན། དབྱིན་ལེནཌ་གྱི་གྲོས་ཚོགས་སུ་འདི་ལོ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐེངས་དང་པོ་ཡིན་ལུགས་གནས་ཚུལ་བཀོད་སྤེལ་བྱུང་བ་ནོར་འཛོལ་སོང་འདུག་ཅིང་། དངོས་ཡོད་ནི་དེ་སྔོན་ཕྱི་ལོ་༢༠༡༨ལོར་ཡང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་མྱོང་འདུག འདིར་ནོར་བཅོས་བྱས་ཡོད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཤར་ཕྱོགས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་དུ་བོད་མི་མང་པོ་འཛིན་བཟུང་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་སྡེ་དགེ་ཕྱོགས་ཀྱི་གནས་སྟངས་ལ་བློ་ཚབས་དང་བཅས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎