ཨ་རིའི་སྲིད་འཛིན་འོས་མི་དང་༸གོང་ས་མཆོག་མཇལ་འཕྲད།

ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇོན་མེ་ཀེན་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པ་རེད།
2008-07-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ ཇོན་མེ་ཀེན་ གྱིས་རེས་གཟའ་པ་སངས་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་བ་དང་དུས་མཚུངས་རྒྱ་ནག་ལ་བོད་མི་ཆབ་སྲིད་བཙོན་པ་ཚོ་གློད་བཀྲོལ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཨ་རིའི་ཀོ་ལོ་རེ་ཌོ་མངའ་སྡེའི་ཨེསི་པེན་ས་གནས་སུ་སྒེར་པ་ཟིམ་བཤག་ཅིག་ཏུ་༸གོང་ས་མཆོག་དང་སྐུ་ཞབས་ཇོན་མེ་ཀེན་རྣམ་གཉིས་དབར་དུས་ཡུན་སྐར་མ་༤༥ཙམ་མཇལ་མོལ་གནང་བའི་སྐབས་དེར། མེ་ཀེན་གྱིས་ ཕྱི་ཟླ་བརྒྱད་པའི་ནང་པེ་ཅིང་དུ་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་ཚུགས་ཀྱི་ཡོད་པ་དེས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་བཏོན་བྱེད་ཡག་གི་གོ་སྐབས་ཤིག་ཡིན་པ་དང༌། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ སྐད་ཡིག་སྲུང་སྐྱོབ་ཀྱི་གཞི་རྩའི་ཐོབ་ཐང་མ་གཏོགས་རྩོད་ལེན་གནང་གི་མེད་པའི་སྐོར་གསུངས་ཡོད་པ་རེད།

སྐུ་ཞབས་མེ་ཀེན་གྱིས་ རྒྱ་ནག་གི་དཔོན་རིགས་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་དགོངས་གཞི་དང་ཕྱག་ལས་གནང་སྟངས་ཤེས་བཞིན་དུ། སྐྱོན་བརྗོད་ཡང་ཡང་ཞུ་གི་ཡོད་པ་དེར་ཐུགས་ཕམ་ཆེན་པོ་གནང་ཡོད་པ་མ་ཟད། ཁོང་གིས་ རྒྱ་མིས་དེ་འདྲའི་འུད་སྒྲོག་གཏམ་བཤད་བྱེད་ཀྱི་ཡོད་པ་དེས་ཞི་བདེའི་བྱ་རིམ་དང་ཕན་ཚུན་དབར་ཞི་འགྲིག་ཡོང་ཐབས་ལ་ཕན་ཐོགས་རྩ་བ་ནས་མེད་པའི་སྐོར་གསུངས་ཏེ། རྒྱ་ནག་གཞུང་ལ་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་ཞི་བའི་སྒེར་ལང་བྱས་པ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་པ་ཚོ་འཕྲལ་དུ་གློད་བཀྲོལ་དང་འབྲེལ་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་དོན་དམ་གྱི་གྲོས་མོལ་བྱ་དགོས་རྒྱུའི་འབོད་སྐུལ་ཡང་གནང་འདུག

ཀོ་ལོ་རེ་ཌོའི་ཨེསི་པེན་ས་གནས་སུ་ཨེསི་པེན་མཐོ་རིམ་སློབ་གཉེར་ཁང་གིས་བོད་པའི་རིག་གཞུང་སྐོར་ཉིན་གསུམ་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པའི་ཐོག་༸གོང་ས་མཆོག་ལ་གདན་ཞུ་ཕུལ་ཡོད་པའི་སྐབས་དེར་ སྐུ་ཞབས་མེ་ཀེན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པ་རེད།

༸གོང་ས་མཆོག་ནས་ མེ་ཀེན་གྱི་བོད་ཀྱི་གནད་དོན་ཐད་ཐུགས་འཚབ་གསལ་བཏོན་གནང་བར་བསྔགས་བརྗོད་གནང་འདུག

༸གོང་ས་མཆོག་གིས་མེ་ཀེན་ལ་ཐུགས་བརྩེ་ཆེན་པོས་ཕྱག་བཏང་གནང་བའི་སྐབས་དེར་ མེ་ཀེན་གྱིས་ ༸གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་སྔོན་འདོད་རེ་བ་མཚོན་གནང་གི་ཡོད་པ་དང༌། ༸གོང་ས་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་དང་སྐུ་ཚེ་ཧྲིལ་པོ་འཛམ་གླིང་གི་རིག་གཞུང་དང་ཆོས་ལུགས་འདྲ་མིན་དབར་ཞི་མཐུན་མཉམ་གནས་ཡོང་ཐབས་ཀྱི་མཛད་རྗེས་དེ་ཚོ་ནི་འགྲོ་བ་མིའི་རིགས་སྤྱི་དང་ཡང་སྒོས་ཨ་མི་རི་ཀའི་མི་མང་ས་ཡ་མང་པོར་སེམས་སྐུལ་ཆེན་པོ་ཐེབ་རྒྱུ་ཡིན་སྐོར་གསུངས་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།