གཏེར་ཁ་བསྔོག་འདོན་ལ་བོད་མིས་ངོ་རྒོལ།

བོད་ནང་གཏེར་ཁ་བསྡོག་འདོན་བྱེད་མཁན་རྒྱ་མི་སླེབས་སྐབས་ ས་གནས་མི་མང་གིས་གཏེར་ཁ་བསྡོག་འདོན་བྱས་ཚེ། ས་གནས་དེའི་ཁོར་ཡུག་དང་ཡུལ་སྲོལ་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་སྐོར་སོགས་ངོ་རྒོལ་གནང་ཡོད་པ་རེད།

༄༅། བོད་ཤར་ཕྱོགས་ཆབ་མདོ་སྨར་ཁམས་རྫོང་མཆོད་རྟེན་ཤང་ནང་རྒྱ་མིས་གཏེར་ཁ་བསྔོག་འདོན་ལ་ས་གནས་བོད་མི་སྟོང་ཕྲག་ལྷག་གིས་ཁ་སང་ངོ་རྒོལ་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པས་བོད་མིའི་ཁྲོད་མེ་མདའ་གང་བྱུང་བརྒྱབས་ནས་བོད་པའི་གཞོན་སྐྱེས་ཤིག་རྐྱེན་ལམ་དུ་བཏང་བ་དང་བོད་མི་དྲུག་ཙམ་འཛིན་བཟུང་བཙན་འཁྲིད་བྱས་འདུག བོད་རང་སྐྱོང་ལྗོངས་ཆབ་མདོ་ས་གནས་སྨར་ཁམས་རྫོང་མཆོད་རྟེན་ཤང་ནང་ཟླ་བ་འགའ་ཤས་ཀྱི་གོང་ལ་གཏེར་ཁ་བསྡོག་འདོན་བྱེད་མཁན་རྒྱ་མི་སླེབས་སྐབས། ས་གནས་མི་མང་གིས་གཏེར་ཁ་བསྡོག་འདོན་བྱས་ཚེ། ས་གནས་དེའི་ཁོར་ཡུག་དང་ཡུལ་སྲོལ་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་སྐོར་སོགས་ངོ་རྒོལ་བྱས་པར་རྒྱ་མིས་གཏེར་ཁ་བསྡོག་འདོན་བྱ་རྒྱུ་རེ་ཞིག་མཚམས་འཇོག་བྱས་འདུག འོན་ཀྱང་ཕྱི་ཟླ་བརྒྱད་པའི་ཚེས་༡༤ཉིན་ཏེ་གཟའ་མིག་དམར་ཉིན་ཡང་བསྐྱར་ས་གནས་དེར་རྒྱ་མི་གཏེར་ཁ་བསྡོག་འདོན་བྱེད་མཁན་སླེབས་པར་ཁ་སང་ཕྱི་ཚེས་༡༥་སྔ་དྲོར་ས་གནས་བོད་མི་སྟོང་ཕྲག་ལྷག་གིས་རྒྱ་མིས་གཏེར་ཁ་བསྡོག་འདོན་འགོག་ཐབས་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པ་འབོར་ཆེན་ཡོང་ནས་བོད་མའི་ཐོག་མེ་མདའ་གང་བྱུང་བརྒྱབས་པའི་རྐྱེན་གྱིས་བོད་པའི་གཞོན་སྐྱེས་ཤིག་རྐྱེན་ལམ་དུ་བཏང་བ་དང་བོད་མི་དྲུག་ཙམ་འཛིན་བཟུང་བཙན་འཁྲིད་བྱས་འདུག