ཕེ་རན་སིའི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས།

ཕེ་རན་སི་དང་རྒྱ་ནག་དབར་གོ་ནོར་ཐེབས་པའི་གནས་ཚུལ་ཇི་འདྲ་ཞིག་བྱུང་ཡོད་ཀྱང་ད་ཆ་ཡོངས་སུ་སེལ་ཟིན་ལུགས་བརྗོད་འདུག།

2009-12-22
Share

༄༅༎རེས་གཟའ་མིག་དམར་ཉིན་ཕེ་རན་སིའི་སྲིད་བློན་ཕེ་རན་ཁོའེ་ཕི་ལཱོན་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱ་མིའི་སློབ་ཕྲུག་ཁག་ཅིག་ལ་གསུང་བཤད་གནང་སྐབས་ཁོང་གིས་ཕེ་རན་སི་དང་རྒྱ་ནག་དབར་གོ་ནོར་ཐེབས་པའི་གནས་ཚུལ་ཇི་འདྲ་ཞིག་བྱུང་ཡོད་ཀྱང་ད་ཆ་ཡོངས་སུ་སེལ་ཟིན་ལུགས་བརྗོད་འདུག།

ཕེ་རན་སིའི་སྲིད་བློན་རྒྱ་ནག་ཏུ་གཙོ་བོ་ཡུལ་གྲུ་གཉིས་དབར་གྱི་ཚོང་ལས་རྒྱ་སྐྱེད་གཏོང་ཐབས་སུ་དམིགས་ཏེ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་ཅིང་རྒྱ་ནག་དང་ཕེ་རན་སིའི་དབར་ཕན་ཚུན་གཉིས་ཀར་ཁེ་ཕན་ཆེན་པོ་ཡོང་རྒྱུའི་ཚོང་གི་ལས་དོན་སྤེལ་རྒྱུར་གྲོས་མཐུན་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད་པ་རེད།

གཟའ་མིག་དམར་ཉིན་པེ་ཅིང་དུ་ཡོད་པའི་པེཡི་ཧང་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་གི་སློབ་ཕྲུག་ཁག་ཅིག་ལ་གསུང་བཤད་ཅིག་གནང་པའི་སྐབས་ཕེ་རན་སིའི་སྲིད་བློན་ཕི་ལཱོན་གྱིས་ད་ཆ་ཡུལ་གྲུ་གཉིས་ཀས་ཕན་ཚུན་འདྲ་མཉམ་གྱི་ཐོག་ནས་འབྲེལ་ལམ་མདུན་བསྐྱོད་བྱ་རྒྱུར་འདོད་པ་ཡོད་པ་རེད་ཅེས་དང་ཕེ་རནསི་དང་རྒྱ་ནག་གི་འབྲེལ་ལམ་ཐད་གོ་ནོར་ཐེབས་པའི་གནས་ཚུལ་བྱུང་བ་དེ་བདེན་པ་ཡིན་ཡང་དེ་དག་ནི་གོ་ནོར་ཐེབས་པ་རང་ཡིན་པ་ལས་གཞན་གང་ཡང་མིན་པ་གསལ་བཤད་གནང་ཡོད་པ་རེད།

ཕེ་རན་སིའི་སྲིད་བློན་ཕེ་རན་ཁོའེ་ཕི་ལཱོན་ཉིན་གྲངས་གསུམ་རིང་རྒྱ་ནག་ཏུ་འཚམས་གཟིགས་གནང་པའི་དོན་བདག་གཙོ་བོ་ནི་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་མགྱོགས་ཡོང་ཐབས་ཆེད་ཡིན་པ་གསུངས་ཤིང་གཟའ་ཉི་མའི་ཉིན་ཁོང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་དེ་རྗེས་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཙོ་བོ་ཀྲུ་བང་གཱོ་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།

ཕེ་རན་སིའི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་གནང་པའི་རིང་ཡུལ་གྲུ་གཉིས་དབར་ཨ་རིའི་ཌོ་ལར་ཐེར་འབུམ་མང་པོའི་མ་གནས་ཀྱི་ཚོང་ལས་སྤེལ་རྒྱུར་མོས་མཐུན་བྱུང་ཞིང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོས་ཕེ་རན་སིའི་སྲིད་བློན་ལ་ཁོང་གི་འཚམས་གཟིགས་འདིའི་ཐོག་ནས་གྲུབ་འབྲས་བཟང་པོ་བྱུང་བར་ལེགས་གསོའི་འཚམས་འདྲི་གནང་འདུག།

རྒྱ་ནག་དང་ཕེ་རན་སིའི་དབར་སྔ་ལོ་པེ་ཅིང་ཨོ་ལིམ་པིཀསི་གྱི་དཔལ་འབར་ཕེ་རན་སིའི་རྒྱལ་ས་པེ་རིསི་ནང་བསྐོར་འདྲེན་བྱེད་པའི་སྐབས་ བོད་དོན་རྒྱབ་སྐྱོར་བ་ངོ་རྒོལ་བྱེད་མཁན་ཚོས་འགོག་ཐབས་བྱས་པའི་གནས་ཚུལ་དང་དེ་རྗེས་ཕེ་རན་སིའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་བཅས་ལ་རྒྱ་ནག་གཞུང་གིས་ཧ་ཅང་གི་ཁོང་ཁྲོ་ཆེན་པོ་བྱས་ཏེ་ཕེ་རན་སི་དང་འབྲེལ་ལམ་ཇི་སྡུག་ཏུ་བཏང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།