རྒྱ་ནག་གཞུང་གིས་བོད་དང་ལྷོ་སོག་ནང་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་འདུག

2021.03.09
རྒྱ་ནག་གཞུང་གིས་བོད་དང་ལྷོ་སོག་ནང་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་འདུག སོག་པོའི་རྒྱལ་ས་(Ulan Bator)ནང་རྒྱ་ནག་གི་སྐད་ཡིག་རྒྱ་བསྒྱུར་སྲིད་ཇུས་ལ་ངོ་རྒོལ། ༩།༡༥།༢༠༢༠
AFP

རྒྱ་ནག་གཞུང་གིས་བོད་དང་ལྷོ་སོག་པོའི་སློབ་གྲྭ་ཁག་གི་ནང་རྒྱལ་ཁབ་སྤྱི་ཡོངས་ཐུན་མོང་གི་སློབ་དེབ་བེད་སྤྱོད་བཏང་ནས་མི་རིགས་ཀྱི་སྐད་ཡིག་མེད་པར་བཟོ་འཆར་ཡོད་འདུག
ན་ནིང་རྒྱ་ནག་གཞུང་གིས་ལྷོ་སོག་པོའམ་ནང་སོག་ཏུ་སོག་སྐད་བེད་སྤྱོད་ཐོག་ཚོད་འཛིན་གྱིས་རྒྱའི་སྐད་ཡིག་གཙོ་བོར་འཛིན་པའི་སྒྲིག་ཁྲིམས་གསར་བ་ལག་བསྟར་བྱེད་འགོ་ཚུགས་པར་སོག་རིགས་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་༥ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས། པེ་ཅིན་དུ་ཚོཊ་བཞིན་པའི་ཆབ་སྲིད་འགོ་ཁྲིད་ཚོའི་ལོ་འཁོར་ཚོཊ་འདུའི་སྟེང་། ནང་སོག་གིས་རྒྱལ་ཁབ་ཐུན་མོང་གིས་བེད་སྤྱོད་བྱེད་པའི་སློབ་དེབ་བཀོལ་སྤྱོད་བྱ་རྒྱུར་བློ་བརྟན་འགྱུར་མེད་སྒོས་སྐུལ་སྤེལ་གཏོང་དགོས་ཤིང་། རིག་གཞུང་དང་རྒྱལ་ཁོངས་བཅས་དང་འབྲེལ་ཡོད་བསམ་བློ་ནོར་འཁྲུལ་ཅན་དག་བསྒྱུར་བཅོས་གཏོང་དགོས་ཞེས་གཏམ་བཤད་སྤེལ་ཏེ། སོག་ཡིག་གིས་སློབ་ཁྲིད་བྱེད་པའི་བསླབ་བྱ་དག་རྒྱའི་སྐད་ཡིག་གིས་སློབ་ཁྲིད་བྱ་རྒྱུའི་སྲིད་ཇུས་ལག་བསྟར་ཐོག་ཤུགས་གནོན་རྒྱག་དགོས་ལུགས་ནན་བརྗོད་བྱས་འདུག
ན་ནིང་ལྷོ་སོག་ཏུ་སོག་སྐད་བཞག་ནས་རྒྱའི་སྐད་ཡིག་གིས་བསླབ་གཞི་དག་སློབ་རྒྱུར་ངོས་ལེན་མི་བྱེད་མཁན་ཕ་མ་གཙོས་སོག་རིགས་རྣམས་ལ་ཉེས་ཆད་བཅད་པ་དང་། སློབ་མ་ཕྱིར་ཕུད་སོཊ་ཀྱི་གནས་ཚུལ་བྱུང་ཡོད། རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་གཞིར་བཟུང་ན། ས་གནས་ཞིག་ཏུ་དཔོན་རིགས་ཚོས་སྒོར་མོ་སྤྲད་ནས་བྱིས་པ་ཕྱིར་སློབ་གྲྭར་ཞུགས་བཅུག་པའི་གནས་ཚུལ་ཡང་བྱུང་འདུག་ལ། གང་ལྟར་རྒྱ་ནག་གཞུང་གིས་ཞི་དྲག་གཉིས་ཀའི་ཐོག་ནས་རྒྱའི་སྐད་ཡིག་གཙོར་བཟུང་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅིང་། པེ་ཅིན་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་འདི་ལྟ་བུ་བོད་དང་ཤར་ཏུར་ཀིསུ་ཐན་བཅས་སུའང་ལག་བསྟར་བྱེད་བཞིན་ཡོད།
དེ་སྔ་༢༠༡༠ལོར་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་རིགས་སློབ་འབྲིང་ཁག་ཏུ་བོད་ཡིག་གིས་སློབ་ཁྲིད་བྱེད་པའི་བསླབ་གཞི་ཁག་རྒྱ་ཡིག་གིས་ཁྲིད་འགོ་བཙུཊ་པར། སློབ་མ་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་བྱུང་ཡོད་ལ། སྐབས་དེར་དགེ་རྒན་སྐོར་ཞིག་གནས་དབྱུང་བཏང་བ་དང་སློབ་མ་སྐོར་ཞིག་སློབ་གྲྭ་ནས་ཕྱིར་ཕུད་ཡོད།
ན་ནིང་སྟོན་ཁར་སློབ་ལོ་གསར་བ་འགོ་འཛུགས་སྐབས་གློ་བུར་ཏུ་མདོ་སྨད་རེབ་གོང་སོཊ་ས་ཁུལ་ཁག་ཏུ་གྲོང་སྡེ་སོ་སོའི་སློབ་ཆུང་དག་སྒོ་རྒྱབ་ནས། བྱིས་པ་ཚོ་བཙན་དབང་ཐོག་བཅའ་སྡོད་སློབ་གྲྭར་བསྐྱལ་དགོས་བྱུང་བ་དང་དེར་ངོས་ལེན་མི་བྱེད་མཁན་ཕ་མ་རེ་ཟུང་འཛིན་བཟུང་གིས་མི་མང་ལ་འཇིགས་སྣང་སྐུལ་བ་སོཊ་དྲག་གནོན་བྱས་ཡོད་ལ། དེའི་ཐད་བོད་ནང་གི་སློབ་གསོ་བ་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་བེད་སྤྱོད་ཐོག་བཀག་སྡོམ་དང་ཚོད་འཛིན་བྱེད་པའི་སྲིད་ཇུས་དེ་རིགས་ནི་མི་རིགས་རྒྱ་བསྒྱུར་གྱི་དམིགས་ཡུལ་ཡིན་པ་དང་། དེ་བཞིན་བོད་ནང་གི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་རིམ་བཞིན་རྒྱལ་ཁབ་སྤྱི་ཡོངས་ཐུན་མོང་གི་སློབ་དེབ་བེད་སྤྱོད་གཏོང་རྒྱུར་འཆར་གཞི་འདིང་བཞིན་ཡོད། དེ་བས་ད་བར་བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་སློབ་སྦྱོང་བྱས་ཡོང་བའི་བོད་ཕྲུག་ཚོར། གལ་ཏེ། གློ་བུར་ཏུ་རྒྱའི་སྐད་ཐོག་ནས་སློབ་ཁྲིད་བྱས་ཚེ་དེ་ནི་ཐེགས་དཀའ་བ་ཞིག་ཡིན་པ་གསུངས་བྱུང་།
གང་ལྟར་ཞིས་ཅིན་ཕིན་གྱི་སྲིད་དབང་འོག དེང་སྐབས་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་རང་མི་རིགས་ཀྱི་སྐད་ཡིག་སློབ་གཉེར་ཐོག་ཚོད་འཛིན་དང་། རྒྱའི་སྐད་ཡིག་སློབ་རྒྱུར་མཐོར་འདེགས་ཀྱི་སྲིད་ཇུས་རིགས་ལག་བསྟར་བྱས་དང་བྱེད་མུས་ཡིན་ཞིང་། བོད་དོན་ཉམས་ཞིབ་པ་ཚོས། འདས་བའི་ལོ་རྒྱུས་ཁྲོད་དུ་མན་ཅིའི་མཚོན་མི་རིགས་ལ་ལ་རྒྱ་རིགས་དང་གཅིག་མཚུངས་སུ་བསྒྱུར་ཟིན་པ་ནང་བཞིན་པེ་ཅིན་གཞུང་གིས་ད་ལྟ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་སྲོལ་རྒྱུན་ཆ་ཤས་ཙམ་གནས་མུས་ཡིན་པའི་བོད་མི་རིགས་དང་། སོག་རིགས། ཡུ་གུར་མི་རིགས་བཅས་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་དག་ཀྱང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་རིག་གཞུང་རྩ་མེད་དང་རིགས་རྒྱུད་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།

དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎