བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་སུད་སིར་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་བཞིན་འདུག

ཕྱི་ཟླ་ ༢ ཚེས་ ༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཕྱི་ལོ་ ༢༠༢༥ ་ལོའི་ཇི་ནི་ཝ་ལྷན་ཚོགས་སུ་མཉམ་ཞུགས་ཆེད་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཕེབས་འབྱོར་བྱུང་ཡོད་པ་དང་བསྟུན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཚོགས་ཐེངས་༥༨་མ་འཚོགས་གོང་འདི་ཚེས་ ༡༤བར་ཉིན་གྲངས་ལྔའི་རིང་བོད་ནང་དུ་རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་གྱི་མྱོང་བ་ར་སྤྲོད་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྣམ་སྐྱིད་ལགས་ཀྱིས་བཙོན་ཁང་དུ་མྱོང་བའི་གནས་ཚུལ་སོགས་ངོ་སྤྲོད་དང་བོད་དོན་ཞུ་གཏུག་གནང་བཞིན་པ་རེད།
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཉིན་ལྔའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་རིང་ཁོང་རྣམས་ཀྱིས་རྒྱལ་ཁབ་མི་འདྲ་བའི་སྐུ་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱ་ནག་ལས་ཁུངས་ཀྱི་ལས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་བཅས་དང་མཇལ་འཕྲད་ཞུ་ཐུབ་པ་བྱུང་བ་དང་། སྐབས་དེར་གནད་ཡོད་མི་སྣ་དང་མཇལ་འཕྲད་སྐབས་རྣམ་སྐྱིད་ལགས་ཀྱིས་ཁོང་རང་ཉིད་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་དང་མནར་གཅོད་ཇི་ལྟར་མྱང་པའི་དངོས་མྱོང་གི་གནས་ཚུལ་ར་སྤྲོད་བྱས་པ་དང་། བོད་མིའི་སྐུ་ཚབ་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་པའི་སྐོར་དང་། ལྷག་དོན་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་བྱུང་བའི་སྐོར་གསུངས་བྱུང་།
རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གཙོས་འབྲེལ་ཡོད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལས་བྱེད་པ་སོགས་མང་པོ་ཞིག་གིས་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་བ་དང་ཆབས་ཅིག་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་མ་ཟད། མ་འོངས་པར་ཞུ་གཏུགས་ལས་འགུལ་ལ་མུ་མཐུད་ནས་ཐུགས་སྣང་གནང་སྟེ་རྒྱ་ནག་ཐོག་ལ་ལས་དོན་གནང་རྒྱུའི་ཁས་ལེན་གནང་འདུག
བོད་མིའི་སྐུ་ཚབ་ཚོས་རིམ་པ་གསུམ་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད་པ་ནི། སུད་སིའི་གྲོང་ཁྱེར་(Geneva)་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་རྒྱ་ནག་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལས་ཁུངས་ཁག་གི་ཚོགས་མི་རྣམས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་ཁག་བཅས་སོ་སོར་མཇལ་འཕྲད་ཞུས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ར་སྤྲོད་ཞུ་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།
བོད་མིའི་སྐུ་ཚབ་ཚོས། ལས་འགུལ་དེར་འཕྲལ་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་ཞིག་མིན་ནའང་། རྣམ་སྐྱིད་ལགས་ཀྱིས་རྒྱ་ནག་གི་བཙན་གནོན་འོག་ཏུ་མྱང་པའི་སྒེར་གྱི་དཀའ་སྡུག་རྣམས་ར་སྤྲོད་གནང་བ་དེའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་གདུག་སྦྱོང་གཏོང་བཞིན་པའི་དངོས་ཡོད་གནས་སྟངས་གོ་བརྡ་སྤྲོད་ཐུབ་པ་བྱུང་བ་དེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་མ་འོངས་རྒྱ་ནག་དང་འབྲེལ་ལམ་དང་སྲིད་བྱུས་འཛིན་ཕྱོགས་ལ་ལེགས་བཅོས་བྱེད་པར་སྐུལ་མ་ཐེབས་སྲིད་པ་ངོས་འཛིན་གནང་འདུག
བོད་ནང་གི་དངོས་ཡོད་གནས་སྟངས་ར་སྤྲོད་བྱེད་པའི་ལས་འགུལ་སྤེལ་མཁན་ནི། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ཕྱག་རོགས་བོད་དོན་ཞུ་གཏུག་སྡེ་ཚན་གྱི་འགན་འཛིན་འབྲུག་ལྡན་སྐྱིད་ལགས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གནང་མཁན་གྱི་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་སོགས་ལས་གྲུབ་པའི་བོད་མིའི་སྐུ་ཚབ་བཅས་ཡིན་པ་རེད།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།