རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
བལ་ཡུལ་གྱི་སྲིད་བློན་ K P Sharma Oli རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཉིན་གྲངས་བཞིའི་རིང་གཟིགས་སྐོར་སྐོར་འགོ་འཛུགས་གནང་ཡོད་པ་ལྟར། འདི་ཚེས་ ༣ ཏེ། བལ་ཡུལ་སྲིད་བློན་གྱི་རྒྱ་ནག་ཏུ་ཉིན་དང་པོའི་འཚམས་གཟིགས་དང་འབྲེལ། རྒྱལ་ཁབ་ཕན་ཚུན་དབར། རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་དང་། གཞན་ཚོང་འབྲེལ་གོང་འཕེལ་སོགས་འཁོད་པའི་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ཞིག་ལ་མཚན་རྟགས་བཀོད་ཡོད་འདུག་པ་ལྟར། བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་བསྐྱོད་པ་ཙམ་གྱིས་བལ་ཡུལ་ནས་རྒྱ་ནག་དེ་བཞིན་ཨེ་ཤེ་ཡའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པ་ལྟ་བུ་ཆགས་ཡོད་ཀྱང་། བལ་ཡུལ་གཞུང་ནས་ཤྲི་ལངྐ་དང་མལ་དིལྦ་སོགས་ལ་ཉེ་ལམ་རྒྱ་ནག་དང་འབྲེལ་ལམ་ཐད་དཀའ་ངལ་འཕྲད་པ་དེ་དག་ནས་སློབ་སྦྱོང་བླང་རྒྱུ་གལ་ཆེ་ཡིན་སྐོར། རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation) གི་ཉམས་ཞིབ་པ་ Kalpit Mankikar ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་ཟད་ཁོང་གིས། རྒྱ་ནག་དང་བལ་ཡུལ་དབར་ཚོང་འབྲེལ་དང་། གཞུང་ལམ་འཛུགས་སྐྲུན། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་སོགས་ཡར་རྒྱས་གཏོང་སླད་མཐུན་སྒྲིལ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་ཐོག་ཏུ་ཐེ་བྱུས་ཀྱིས་བོད་དང་འབྲེལ་བའི་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་གསུངས་བྱུང་།
དེ་ཡང་ཐེངས་འདིར་བལ་ཡུལ་དང་རྒྱ་ནག་གཉིས་དབར་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་། བལ་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་ལི་ཆང་གཙོས་པའི་གཞན་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་མང་དག་ཅིག་མཉམ་བཞུགས་ཐོག ཁྱོན་དོན་ཚན་དགུར་མོས་མཐུན་གྱིས་མཚན་རྟགས་བཀོད་ཡོད་པའི་ནང་གཙོ་བོ། ཚོང་འབྲེལ་དང་(Tokha-Chhahare) ཕུག་ལམ་ལ་སོགས་པའི་གཞུང་ལམ་འཛུགས་སྐྲུན། རྒྱ་ནག་གཞུང་ཕྱོགས་ནས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་རམ་བྱ་རྒྱུ། བལ་ཡུལ་དུ་དྭང་བླངས་རྒྱ་སྐད་དགེ་རྒན་བསྐོ་གཞག (Nepal Television) དང་ (China Media Group) ཀྱི་དབར་འབྲེལ་གཏུག་འཕྲུལ་ཆས། འབྱུང་འགྱུར་ཕྱི་ལོ་ ༢༠༢༥ ནས་ ༢༠༢༩ བར་བལ་ཡུལ་གྱི་དཔལ་འབྱོར་ལས་ཁུངས་དང་རྒྱ་ནག་གི་རྒྱལ་སྤྱིའི་ཡར་རྒྱས་མཉམ་འབྲེལ་ལས་ཁུངས་གཉིས་དབར་གནད་དོན་གཞན་མང་དག་ཅིག་གི་ཐོག་གྲོས་མཐུན་གྱིས་མཚན་རྟགས་བཀོད་ཡོད་པ། བལ་ཡུལ་གྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་(The Rising Nepal ) ནང་འཁོད་འདུག
རྩ་བའི་བལ་ཡུལ་གྱི་སྲིད་བློན་ K P Sharma Oli ལགས་ནས་གཞུང་འབྲེལ་འཚམས་གཟིགས་ཐོག་མར་དེ་བཞིན་རྒྱ་ནག་དུ་ཕེབས་ཡོད་པ་དེའི་རིང་། ཁོང་ནས་རྒྱ་ནག་གི་སྲིད་འཛིན་Xi Jinping དང་ཐུགས་འཕྲད་བྱ་རྒྱུ་དང་། དེ་བཞིན་སྲིད་བློན་Li Qiang གཙོས་པའི་དཔོན་རིགས་ཁག་དང་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།