རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་སློབ་ཕྲུག་ཚོ་སླར་ཡང་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་གཏོང་འཇུག་བཞིན་ཡོད་པ།
ཕྱི་ལོ་ ༢༠༢༤ ཟླ་ ༧ ནང་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་ཁུལ་རྔ་པ་རྫོང་ཀིརྟི་དགོན་པའི་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་བརྒྱབ་བཅུག་རྗེས། ཁྱོན་ཀིརྟི་དགོན་པའི་སློབ་གྲྭར་སློབ་ཕྲུག་ ༩༠༠ ཙམ་ཡོད་ཁོངས་ནས ལོ་ན་ ༦ ནས་ ༡༤ བར་གྱི་སློབ་ཕྲུག་ ༢༠༠ ལྷག་རྔ་པ་རྫོང་གི་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཏང་པ་ལས། ལྷག་འཕྲོས་སློབ་ཕྲུག་ཚོ་སོ་སོའི་ཁྱིམ་དུ་བཏང་འདུག ཁྱིམ་དུ་ཕྱིར་ལོག་བཏང་པའི་སློབ་ཕྲུག་དེ་དག་མ་འོངས་པར་གཞུང་གཉེར་སློབ་གྲྭར་གཏོང་དགོས་པ་ལས་ཕྱིར་དགོན་པའི་སློབ་གྲྭར་ཡོང་འཇུག་རྒྱུ་མིན་པ་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ཕྱི་ནང་གཉིས་ནས་འབྲེལ་ཡོད་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་བརྗོད་ན། སློབ་ཕྲུག་ཚོ་དགོན་པའི་སློབ་གྲྭར་ཡོང་མི་བཅུག་པའི་གནད་དོན་གཙོ་བོ། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བྱིས་པ་ལོ་ ༦ སོན་པ་ཚོ་ངེས་པར་རྒྱ་ནག་གཞུང་གི་ལོ་དགུའི་འགན་བབས་འོས་འགན་སློབ་གསོའི་འོག་སློབ་སྦྱོང་བྱེད་དགོས་ཞེས་གསལ་བར་ཁ་གཡར་བཞིན་ཡོད་པ་དང་། སློབ་ཕྲུག་གི་ཕ་མ་མང་དག་ཅིག་གིས་ཕྲུ་གུ་མུ་མཐུད་དགོན་པའི་སློབ་གྲྭར་གཏོང་རྒྱུའི་རེ་བ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ཁྱིམ་བདག་ཕ་མ་ཚོར་བུ་ཕྲུག་ལ་འོས་འགན་སློབ་གསོ་མྱོང་བཅུག་རྒྱུའི་ཁས་ལེན་དགོས་པའི་གཞུང་གཉེར་ཡིག་ཆ་ཞིག་ལ་མིང་རྟགས་རྒྱག་བཅུག་པ་སོགས་བྱས་ཡོད་པ་མ་ཟད། བྱིས་པ་སློབ་གྲྭར་མི་གཏོང་མཁན་གྱི་ཁྱིམ་བདག་ཕ་མར་ཁྲིམས་ཆད་ཀྱི་ཉེས་པ་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་བཞིན་ཡོད་པ་འགྲེལ་བརྗོད་བྱས་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༥ ནང་རྔ་པ་ཀིརྟི་དགོན་དང་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་སློབ་གྲྭ་གཉིས་གའི་ནང་བསྟན་སློབ་གྲྭ་གུང་གསེང་བཏང་རྗེས། དགོན་པའི་སློབ་གྲྭ་ཕྱིར་ཚོགས་མི་ཆོག་པའི་བཀག་བསྡོམས་བྱས་ཡོད་པ་རེད་ལ། སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་སློབ་ཕྲུག་ ༣༠༠ གཞུང་གཉེར་སློབ་གྲྭར་བཙན་ཐབས་ཀྱིས་གཏོང་བཞིན་པའི་གནས་སྟངས་འོག་ཡོད་པ་རེད།
ཡང་འབྲེལ་ཡོད་བོད་མི་གཅིག་གིས། ཉེ་སྔོན་དགོན་པའི་སློབ་གྲྭ་བཀག་འགོག་དང་འབྲེལ། ཁྱིམ་བདག་ཕ་མ་ཁ་ཤས་ཀྱིས་ཕྲུ་གུ་དགོན་པར་མ་བཏང་བ་ཡིན་ན་བྱིས་པར་རང་བཞིན་གྱིས་འཕྲོད་བསྟེན་ཆ་ནས་ན་ཚ་ཡོང་རྒྱུ་ཡིན་པའི་རྒྱུ་མཚན་སོགས་བཤད་པར། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་བྱིས་པའི་འཚོ་བ་དང་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་ལ་གཞུང་ངོས་ནས་རོགས་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་དེ། རྔ་པ་རྫོང་གི་རྔ་སྲིབ་ཀ་ཉག་སོགས་ནས་བྱིས་པ་ཚོར་རྒྱ་ནག་གཞུང་ངོས་ནས་བརྟག་དཔྱད་ཆེད་བཙན་ཐབས་ཀྱིས་ཁྲིད་ཡོད་པ་སོགས་བརྗོད་བྱུང་།
ཕྱི་ཟླ་ ༧ ཚེས་ ༨ ཉིན་རྔ་པ་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་ཟེར་བ་ཞིག་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཡོད་པ་དང་། སྐབས་དེར་རྔ་པ་ཁུལ་གྱི་ས་གནས་རྒྱ་ནག་གཞུང་གི་དཔོན་རིགས་ ཞུས་ཀྲི་ཝུན་ཟེར་བས་རྔ་པ་ཁུལ་གྱི་སློབ་གསོ་དེ་སྤུས་ཚད་མཐོ་བོར་སྒྱུར་བཅོས་དང་། ངེས་པར་དུ་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཁ་ཕྱོགས་ཡང་དག་པ་འཚོལ་དགོས་ཤིང་། སློབ་གྲྭ་ཁག་གཅིག་བསྡུས་དང་གཏན་འཇགས་སློབ་གྲྭའི་ཐབས་ཇུས་ཡག་པོ་ལག་བསྟར་དང་ནུས་ཤུགས་ཆེན་པོ་ཕུད་པ། འཆར་འགོད་ཡག་པོ་བཅས་བྱས་ཏེ་རྔ་བའི་སློབ་གསོའི་དཀའ་ངལ་སེལ་དགོས་པ་སོགས་རྒྱ་ནག་གཞུང་གི་མི་རིགས་རྒྱ་བསྒྱུར་གྱི་ཐབས་བྱུས་ཁག་བརྗོད་ཡོད་པ་རེད།
ཡང་རྔ་པ་ཀིརྟི་དགོན་དོ་དམ་ཁང་གི་སྐད་འཕྲིན་གྱི་འཕྲིན་སྟེགས་སྟེང་རྒྱ་ནག་གི་སློབ་ལོ་སོན་པའི་བྱིས་པ་སློབ་གྲྭར་གཏོང་དགོས་པའི་བཅའ་ཁྲིམས་ཡིག་ཆའི་འབྲུ་དོན། ཁྱིམ་བདག་གིས་བྱིས་པ་སློབ་གྲྭར་མ་བཏང་ན་ཁྲིམས་ཀྱི་མཇུག་འབྲས་ཅི་ཞིག་འཁུར་དགོས་དང་། བཙན་ཤེད་དམ་བསླུ་བྲིད་སོགས་ལ་བརྟེན་ནས་འོས་འགན་སློབ་གསོར་དང་ལེན་དགོས་པའི་བྱིས་པ་བསྡུ་སྐྱོང་བྱས་ན་ཁྲིམས་འགལ་ཡིན་པ་སོགས་བཀོད་དེ་ཕ་མར་ཉེས་པ་གཏོང་རྒྱུའི་ཉེན་ཁར་གྱུར་ཡོད་འདུག
རྔ་པ་ཀིརྟི་དགོན་དང་མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན་གཉིས་སུ་ཕྱི་ལོ་ ༡༩༩༤ ནས་ནང་བསྟན་སློབ་གྲྭ་ཆེད་འཛུགས་བྱས་ཡོད་པ་དང་། རྗེས་སུ་ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གཞུང་གིས་བཙན་ཐབས་ཀྱིས་སྒོ་བརྒྱབས་བཅུག་ཡོད་པ་རེད། ཕྱིས་སུ་རྒྱ་ནག་གཞུང་གིས་མཉམ་འབྲེལ་ངང་དགོན་པའི་སློབ་ཆུང་གི་འཛིན་གྲྭ་ཁག་ཏུ་གཞུང་གཉེར་སློབ་དེབ་ཁག་ཅིག་བཅུག་སྟེ་སློབ་གྲྭ་ཚོགས་བཅུག་ཡོད་ན་ཡང་། རྒྱ་ནག་གཞུང་གིས་དེ་སྔ་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། ཀིརྟི་དགོན་ཁག་ལ་དམ་དྲག་ཤུགས་ཆེར་བྱེད་འགོ་བཙུགས་ཡོད་པ་མ་ཟད། དེང་སྐབས་ནང་བསྟན་རྒྱ་སྒྱུར་ཞེས་པའི་ལས་གཞིའི་འོག་དགོན་པ་ཁག་ཏུ་གྲྭ་རྒྱུན་གསར་ཞུགས་ལ་བཀག་འགོག་དང་། རྒྱུན་དུ་རྒྱ་ནག་གཞུང་འབྲེལ་མི་སྣ་ཡོང་སྟེ་ཆབ་སྲིད་སློབ་གསོ་སྤེལ་དགོས་སྐོར་བརྗོད་ནས་ཆོས་ཕྱོགས་ཀྱི་མཛད་རིམ་ལ་བར་ཆད་བསྟུད་མར་བཟོ་བ་སོགས་བྱེད་བཞིན་ཡོད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།