འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ཟབ་སྦྱོང་སྤྲོད་བཞིན་པ།

བོད་མིའི་སེམས་ཁམས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱ་རྒྱུར་དེ་ཙམ་དཀའ་ངལ་མེད་པ་ལྟ་བུ་ཡོད་ཅེས་གསུང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཕྱི་ཚེས་༡༨ནས་འགོ་འཛུགས་ཀྱིས་ཚེས་༢༢་བར་ཉིན་གྲངས་ལྔའི་རིང་། བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཆགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ། ཤེས་རིག་ལས་ཁུངས་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གཉིས་ཐུན་མོང་གིས་གོ་སྒྲིག་འོག བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་དགེ་རྒན་འོས་སྦྱོང་བ་རྣམས་ལ་འཚེ་མེད་ཞི་བའི་ཡོངས་ཁྱབ་སྦྱོང་བརྡར་སྤྲོད་བཞིན་ཡོད་འདུག
ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས་ལགས་ཀྱི་གཙོས་པའི་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པ་དང༌། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གསར་འཛུགས་གནང་མཁན་དང་། ཟབ་ཁྲིད་པ་གཅིག་ལྕོགས་སྐུ་ཞབས་ Rabbi E Gendler ལགས་དང་། ཁོང་གི་སྐུ་ཟླ་Dr. Mary Gendlerལགས། འགན་འཛིན་དབང་འདུས་ཚེ་རིང་། དེ་བཞིན་དགེ་རྒན་འོས་སྦྱོང་པ་རྣམས་ཀྱིས་མཉམ་ཞུགས་གནང་ཡོད་ཅིང༌། སྐབས་དེར་ཟབ་ཁྲིད་པ་སྐུ་ཞབས་Gendler་ཡིས་གསུང་བཤད་གནང་བའི་ནང༌། འཚེ་མེད་ཞི་བའི་ཉམས་ལེན་དེ་བོད་མིའི་འཐབ་རྩོད་དང་འབྲེལ་བ་ཡོད་པ་དང༌། བོད་མི་བཙན་བྱོལ་བ་རྣམས་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཞི་བདེའི་དབུ་ཁྲིད་གཅིག་ཡོད་པར་བརྟེན་འཚེ་མེད་ཞི་བའི་ཐབས་ལམ་ཉམས་ལེན་གནང་རྒྱུ་ཤིན་ཏུ་འོས་ཤིང་མཚམས་པ་ཞིག་ཡིན་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་དབུ་ཁྲིད་མཛད་པའི་ཉེར་ལེན་ལ་བརྟེན་ནས་བོད་མིའི་སེམས་ཁམས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱ་རྒྱུར་དེ་ཙམ་དཀའ་ངལ་མེད་པ་ལྟ་བུ་ཡོད་ཅེས་གསུངས་ཡོད་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་ཟབ་ཁྲིད་གནང་རྒྱུའི་བརྗོད་གཞི་གཙོ་བོ་རྣམས་ནི། ཧུར་བརྩོན་ཐོག་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་གནང་རྒྱུ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་དང་ལྟ་གྲུབ་དེ་དོན་དངོས་ལག་བསྟར་བྱེད་ཐུབ་པའི་ལྟ་གྲུབ་ཞིག་ཡིན་མིན། འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱེད་དགོས་དོན་དང་། ལྷག་པར་བོད་མི་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན། ནང་པའི་གཞུང་ནས་གསུང་པའི་འཚེ་མེད་ཞི་བའི་ལྟ་གྲུབ། བཅས་ཡིན་པའི་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་ཆོས།