པཱ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་ད་རིས་རྒྱ་ནག་ཏུ་ཉིན་ལྔའི་སྐོར་བསྐྱོད་བྱ་འགོ་བཙུགས།

2025.02.04
པཱ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་ད་རིས་རྒྱ་ནག་ཏུ་ཉིན་ལྔའི་སྐོར་བསྐྱོད་བྱ་འགོ་བཙུགས། པེ་ཅིང་གནམ་ཐང་མདུན་དུ་པ་ཀིས་ཐན་གྱི་རྒྱལ་དར་སྒྲེང་བཞིན་པ། ཟླ་ཚེས་མི་གསལ།
Reuters

རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གི་མགྲོན་འབོད་ཐོག པཱ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་ད་རི་ (Asif Ali Zardari) ཟླ་འདིའི་ཚེས་ ༢ ནས་ ༠༨ བར་ཉིན་ལྔའི་རིང་རྒྱ་ནག་དུ་བསྐྱོད་དེ། རྒྱ་ནག་གི་སྲིད་འཛིན་གཙོས་སྲིད་བློན་ལི་ཅང་ (Li Qiang) དང་། ཆེས་མཐོའི་དཔོན་རིགས་གཞན་ཁག་ཅིག་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་མཉམ་ལས་དང་། དྲག་སྤྱོད་རིང་ལུགས་ལ་ཁ་གཏད་གཅོག་ཐབས། ལྷག་པར་དུ་ཨ་སྒོར་ཐེར་འབུམ་ ༦༥ མ་འཛུགས་ཡོད་པའི་རྒྱ་ནག་དང་པཱ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལས་གཞི་(CPEC)སོགས་ཀྱི་སྐོར་གོ་བསྡུར་བྱ་རྒྱུ་ཡིན་སྐོར་པཱ་ཀིས་ཐན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་འདུག

ཐེངས་འདིའི་པཱ་ཀིས་ཐན་གྱི་སྲིད་འཛིན་གྱི་ཕྱོགས་བསྐྱོད་དེ་བཞིན་པཱ་ཀིས་ཐན་གྱི་སྲིད་བློན་ཤ་བ་སི་ཤ་རིབ་ཀྱི་རྒྱ་ནག་གི་ཕྱོགས་བསྐྱོད་རྗེས་ཟླ་བ་བརྒྱད་ཙམ་གྱི་རྗེས་སུ་བྱུང་ཞིང་། དེ་ཡང་གཙོ་བོ་རྒྱ་ནག་དང་པཱ་ཀིས་ཐན་གྱི་འབྲེལ་བ་སྤྱི་དང་། བྱེ་བྲག་ཏུ་པཱ་ཀིས་ཐན་ནང་གི་རྒྱ་ནག་གི་ལས་གཞི་ཁག་ལ་བདེ་འཇགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་སུ་བྱུང་ཡོད།

པཱ་ཀིས་ཐན་ནི་རྒྱ་ནག་ལ་འབྲེལ་ཐག་ཉེ་ཞིང་། རྒྱུད་གཅིག་ལམ་གཅིག་གི་ལས་འཆར་འོག་རྒྱ་ནག་གཞུང་གིས་པཱ་ཀིས་ཐན་ནང་ཨ་སྒོར་ཐེར་འབུམ་དྲུག་བཅུ་ལྷག་མ་འཛུགས་ཀྱིས་གནམ་ཐང་དང་། མཚོ་ངོགས་གྲུ་ཁ་སོགས་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པ་དང་། ལས་གཞི་དེ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏང་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད།

པཱ་ཀིས་ཐན་དང་རྒྱ་ནག་བར་གྱི་གྲོགས་འདྲིས་དེ་ལ་བརྟེན་ནས་པཱ་ཀིས་ཐན་ནས་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་ལ་བརྒྱབ་སྐྱོར་དང་། དམིགས་བསལ་བོད་དང་ཐའི་ཝན་སོགས་ཀྱི་གནད་དོན་ཐད་རྒྱ་ནག་གིས་གང་བཤད་ལ་ཤར་སྐྱོད་བྱེད་ཀྱི་ཡོད། དེའི་སྐོར་ཐེ་ཝན་གྱི་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ས་ན་ཧ་ཤ་མི་ (Sana Hashmi) ཡིས། པཱ་ཀིས་ཐན་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་། བོད་དོན་སྐོར་རྒྱ་ནག་ལ་རྒྱབ་སྐྱོར་ཚད་མཐོ་པོ་བྱས་ཡོད་ལ། ཐེངས་འདིའི་ཛར་ད་རིའི་ཕྱོགས་བསྐྱོད་རྗེས་ཀྱི་བསྒྲགས་གཏམ་ནང་དུའང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་ནན་བརྗོད་བྱ་རྒྱུར་ཐེ་ཚོམ་མེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

དེ་དང་འབྲེལ་ཏེ་རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation)  གི་ཉམས་ཞིབ་པ་ཤི་ཝམ་ཤེ་ཁ་ཝཊ་(Shivam Shekhawat) ཀྱིས། རྒྱ་ནག་ལ་མཚོན་ན་བོད་ལ་ཤི་ཙང་འབོད་རྒྱུ་མཚོན་པའི་བོད་དོན་དང་འབྲེལ་བ་ཡོད་པའ་ཡང་ན། རྒྱ་ནག་གི་བཤད་ཚུལ་ལ་རྒྱལ་ཁབ་གཞན་ཚོའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ཁ་གཏད་རིགས་ལ་བཀག་སྡོམ་བྱ་རྒྱུར་རྒྱལ་ཁབ་གཞན་ཚོར་སྐུལ་དེད་གཏོང་གི་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་ཉེ་ལམ་བོད་དིང་རི་ཁུལ་དུ་ས་ཡོམ་གྱི་འགོད་ཆགས་ཁྲོད་མི་ ༡༢༦ ལྷག་འདས་གྲོངས་སུ་འགྱུར་བའི་གནས་ཚུལ་ཐོན་སྐབས། པཱ་ཀིས་ཐན་གྱིས་སེམས་གསོའི་ཡིག་འབྲེལ་བཏང་བའི་ནང་བོད་ཀྱི་སྐད་དོད་དུ་ཤི་ཙང་ཞེས་བོས་ཡོད་ལ། དེ་མ་ཟད་ཟླ་བ་བཞི་ཙམ་སྔོན་སྔ་ལོའི་ཕྱི་ཟླ་ ༡༠ ནང་། རྒྱ་ནག་གི་སྲིད་འཛིན་གཙོས་སྲིད་བློན་ལི་ཅང་པཱ་ཀི་སི་ཐན་ནང་བསྐྱོད་སྐབས། ཐུན་མོང་གི་བསྒྲགས་གཏམ་སྤེལ་བའི་ནང་པཱ་ཀི་སི་ཐན་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་ཆ་ཚང་ཡོད་སྐོར་བཤད་ཡོད་པའི་ཁར། བོད་དང་ཐེ་ཝན་ལ་སོགས་ཀྱི་གནད་དོན་ཐོག་རྒྱ་ནག་ལ་རྒྱབ་སྐྱོར་སྒོ་ཀུན་ནས་བྱ་རྒྱུ་ཡིན་པ་བཤད་ཡོད་པ་མ་ཟད། བསྒྲགས་གཏམ་ནང་དུ་བོད་ཀྱི་སྐད་དོད་དུ་ཤི་ཙང་ཞེས་བེད་སྤྱོད་བཏང་ཡོད།

གཞན་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་། པཱ་ཀི་སི་ཐན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ཁ་ལིལ་ཧཤ་མི་ (Khalil Hashmi) བོད་ལ་བསྐྱོད་སྐབས། རྒྱ་ནག་གིས་བོད་ནང་གཞུང་ལམ་དང་། གློག ཏར་འཕྲིན། ཡར་ཐོན་ཅན་གྱི་གནམ་ཐང་སོགས་དེང་རབས་དང་མཐུན་པའི་འཛུགས་སྐྲུན་མང་དག་ཅིག་བྱས་ཡོད་སྐོར་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་དགོན་པ་དེ་དག་ནི་ཆོས་དད་རང་དབང་ཡོད་པའི་མཚོན་རྟགས་ཡིན་ཞེས་རྒྱ་ནག་གི་བཤད་ཚུལ་དང་མཐུན་པའི་སྐད་ཆ་བཤད་ཡོད།

ཁོའི་སྐད་ཆ་དེ་ནི་རྒྱལ་སྤྱིའི་རང་དབང་ལྡན་པའི་ཉམས་ཞིབ་ཁང་དང་། གནད་དོན་དབྱེ་ཞིབ་པ་ཚོའི་དཔྱད་ཞིབ་དང་མཚུངས་ཀྱི་མེད་དེ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༤ ལོའི་ལོ་འཁོར་སྙན་ཐོའི་ནང་དུ་བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་ལ་བློ་འཚབ་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བཙན་སྒྱུར་གཏོང་བཞིན་པ་དེས་བོད་མིའི་ཆོས་དད་རང་དབང་ལ་དོ་ཕོག་འགྲོ་གི་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཚད། སྙན་ཐོ་དེ་རང་དུ་རྒྱ་ནག་དེ་བཞིན་དམིགས་བསལ་བློ་འཚབ་བྱ་དགོས་པའི་རྒྱལ་ཁབ་ཀྱི་གྲས་སུ་བཙུད་ཡོད་པ་རེད། ། 

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎