སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུས་འདུག

2021.04.08
སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་ཞུས་འདུག པདྨ་འབྱུང་གནས་ལགས།
RFA/Dhasa

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་པདྨ་འབྱུང་གནས་ལགས་ཀྱིས་ཁོང་སྤྱི་འཐུས་ཀྱི་ཚོགས་གཙོའི་ལས་འགན་དང་སྤྱི་འཐུས་སུ་མུ་མཐུད་དུ་གནས་ཐབས་བྲལ་བ་གསུངས་ཏེ་རྩ་དགོངས་ཞུས་པ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་ཐོག་གསུངས་བྱུང་།
དེ་ཡང་ཕྱི་ཟླ་༤ཚེས་༨ཉིན་པདྨ་འབྱུང་གནས་ལགས་ཀྱིས་ཁོང་གི་སྒེར་གྱི་ངོ་དེབ་དྲ་རྒྱའི་ཐོག “ང་ཞོགས་པ་ཚོུད་༡༠་པ་ཡོལ་ཙམ་ལ་སྤྱི་ཚོགས་ལ་འགན་འཁུར་བའི་ཐོག་ནས་བཟང་སྤྱོད་ཀྱིས་ཚོགས་གཙོའི་ལས་གནས་དང་སྤྱི་འཐུས་བཅས་ནས་རྩ་དགོངས་ཞུས་ཟིན་”ཞེས་བཀོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་པདྨ་འབྱུང་གནས་ལགས་ཀྱིས། ཐུགས་ཕམ་དང་འགན་བཟོད་ཐབས་མེད་པ་རྒྱུ་མཚན་གཉིས་ཀྱི་ཐོག་ནས་རྩ་དགོངས་ཞུས་པ་ཡིན་པ་གསུངས་ཤིང་། ཁོང་གིས་བློ་ཕམ་འབྱུང་གཞི་ནི། ཁྲིམས་ཞིབ་པ་འཕོ་འགྱུར་བཏང་པའི་གནད་དོན་འདིའི་ཐད་སྤྱི་ཚོགས་ནང་ལབ་གླེང་ཤུགས་ཆེ་འབྱུང་རྒྱུ་ཡིན་པ་ནི་སྔ་ལོ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དཔྱད་ཁྲ་བཏང་བའི་དོན་རྐྱེན་བྱུང་སྐབས་ནས་ཚོད་དཔག་གནང་ཡོད་པ་དང་། དེ་ལྟར་མི་འབྱུང་ཆེད་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པར་བཀའ་བསྡུར་ཞུས་ན་ཡང་གསན་འཇོག་མ་གནང་སྟབས། མ་འོངས་པར་དགྲ་དགའ་གཉེན་སྡུག་དང་། རྒྱ་དགའ་བོད་སྡུག་གི་གནས་ཚུལ་བྱུང་བ། ༧རྒྱལ་བའི་དགོངས་པ་འཁྲུགས་པའི་གནས་ཚུལ་གང་བྱུང་ཡང་འགན་ཆེས་མཐོའི་ཁྲིམས་ཞིབ་རྣམ་པས་བཞེས་དགོས་སྐོར་ཞུས་ཡོད་པ་གསལ་བཤད་གནང་ཞིང་། ད་ཆ་སྤྱི་ཚོགས་ནང་གནས་ཚུལ་འདིའི་ཐད་ལབ་གླེང་ཤུགས་ཆེ་བྱུང་བར་ཐུགས་ཕམ་བྱུང་ཞེས་གསུངས་པའི་རྒྱུ་མཚན་གཅིག་འདི་ཡིན་པ་གསུངས་ཡོད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སྤྱི་འཐུས་གྲོས་ཚོགས་རྩ་འབོར་གྱི་གསུམ་ཆ་གཅིག་གམ། ངོ་ཡོད་སྤྱི་འཐུས་༣༡ གིས་གསང་བའི་འོས་ཤོག་བླུགས་པ་བརྒྱུད་ནས་འཕོ་འགྱུར་བཏང་ཡོད་པ་རེད། དོན་རྐྱེན་དེ་ནི་སྔ་ལོ༢༠༢༠ལོའི་ཕྱི་ཟླ་དགུ་པའི་གྲོས་ཚོགས་ཕར་འགྱངས་གནང་རྒྱུ་སྤྱི་འཐུས་རྒྱུན་ལས་ནས་ཐག་གཅོད་གནང་པ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་བ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དཔྱད་ཁྲ་བཏང་པ་ལས་བྱུང་བ་དང་། བཅའ་ཁྲིམས་ཀྱི་དགོངས་དོན་འགྲེལ་བརྗོད་བྱེད་ཕྱོགས་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་དབར་དགོངས་ཚུལ་མི་མཐུན་པ་ཆེན་པོ་བྱུང་ཡོད་པ་རེད།
ཡང་པདྨ་འབྱུང་གནས་ལགས་ཀྱིས། སྤྱི་འཐུས་ཚོགས་ཟུར་དང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནོར་ཝེ་རླུང་འཕྲིན་ཁང་ལ་ཆེས་མཐོའི་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཐད་བཅར་འདྲི་བཀའ་ལན་གནང་པའི་ནང་དོན་གསན་རྗེས་བློས་འགན་བཟོད་ཐབས་མེད་པ་ཆགས་པ་འགྲེལ་བརྗོད་གནང་འདུག
པདྨ་འབྱུང་གནས་ལགས་ཀྱིས། རིན་པོ་ཆེ་ནི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི། དེ་བཞིན་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པར་བརྟེན། ཁོང་ལྟ་བུས་ད་རེས་ཀྱི་གསུངས་བབས་འདི་ལ་བལྟས་ཚེ་སྤྱི་འཐུས་ཚོགས་གཙོར་མུ་མཐུད་སྡོད་རྒྱུ་ནི་འགན་བཟོད་ཐབས་རྩ་བ་ནས་ཉིད་ནས་མེད་པའི་ཚོར་བ་ཞིག་བྱུང་རྗེས། ཕྱི་ཟླ་ ༤ ཚེས་ ༨ ཉིན་ཚོུད་བཅུ་པ་ཡོལ་ཙམ་ལ་སྤྱི་འཐུས་ཚོགས་གཙོ་གཞོན་པར་དགོངས་ཞུ་ཕུལ་བ་ཡིན་པ་གསལ་བཤད་གནང་འདུག
བོད་མི་མང་སྤྱི་འཐུས་ཚོགས་ཟུར་དང་། བཀའ་བློན་ཁྲི་པ་ཟུར་པ་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པའི་ལས་རིམ་ཞིག་ཕྱི་ཟླ་ ༤ ཚེས་ ༨ ཉིན་རྒྱང་སྲིང་གནང་ཞིང་། སྐབས་དེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བའི་གནད་དོན་འདིས་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་གནས་བབས་ཐད་བཅའ་ཁྲིམས་སྦོ་ལུག་པའི་གནས་སྟངས་ཤིག་ཆགས་ཡོད་པ་གསུངས་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ ༥༤ པའི་ནང་། ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུར་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་གྲོས་བསྡུར་བྱེད་མི་ཆོག་ཅེས་འཁོད་པ་ལུང་འདྲེན་གནང་སྟེ། ཁྲིམས་ཞིབ་པ་གསུམ་གང་རུང་འཕོ་འགྱུར་གཏོང་རྒྱུ་ལས། གསུམ་ཀ་སྡེབ་གཅིག་ལ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད་པ་གསུངས་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་ཞིང་། གནད་དོན་འདིའི་ཐད་སྤྱི་ཚོགས་ནང་ལབ་གླེང་ཧ་ཅང་གི་ཤུགས་ཆེ་འབྱུང་བཞིན་ཡོད་ལ། ལྷག་པར་དུ་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་གཏོང་བའི་གྲོས་འཆར་འདི་སྤྱི་འཐུས་རྒྱུན་ལས་ནས་འཁྱེར་ཡོང་བར་བརྟེན་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་། ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་གཙོས་པའི་སྤྱི་འཐུས་རྒྱུན་ལས་བཅིུག་ཐོག་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།
པདྨ་འབྱུང་གནས་ལགས་ནི། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་སྤྱི་འཐུས་ཡུན་རིང་ཤོས་གནང་མཁན་དེ་ཡིན་ལ། ཁོང་ནི་སྤྱི་འཐུས་སྐབས་བཅུ་པ་ནས་བཅུ་དྲུག་པ་བར་ཁྱོན་ལོ་ངོ་༢༨རིང་སྤྱི་འཐུས་གནང་ཡོད་ལ། སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་གསུམ་པ་དང་བཅུ་དྲུག་པའི་ཚོགས་གཙོའི་ལས་འཁུར་ཡང་ཞུས་ཡོད་པ་རེད།
ད་ཆ་སྤྱི་འཐུས་ཀྱི་ཚོགས་གཙོ་དང་ཁྲིམས་ཞིབ་པ་མེད་པའི་གནས་སྟངས་ཆགས་པ་འདིའི་འོག་ཕྱི་ཟླ་༥གྲོས་ཚོགས་འཕར་མ་ཚོགས་སྐབས་སྲིད་སྐྱོང་དང་སྤྱི་འཐུས་གསར་པ་རྣམ་པས་དམ་འབུལ་གནང་རྒྱུ་སོགས། མང་གཙོའི་འགྲོ་ལུགས་ཀྱི་ལས་དོན་གཉེར་རྒྱུ་སོགས་ཁ་ཕྱོགས་ཇི་འདྲ་ཞིག་ཆགས་མིན་གསལ་ཁ་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།
ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པའི་ལེ་ཚན་རྒྱང་སྲིང་ཞུས་པའི་རྗེས་སུ། མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཀྱང་དགོངས་པ་ཞུས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎